༧གོང་ས་མཆོག་གིས་གསར་འགོད་པར་བཀའ་ལན་སྩལ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༡༩ཉིན་སྤེལ། ༧གོང་ས་མཆོག་གིས་སུད་སིའི་རྒྱལ་ཡོངས་གསར་འགྱུར་བརྙན་འཕྲིན་ཚན་པའི་ལྟ་གྲུབ་ཀྱི་ལས་རིམ་ནང་དུ། གདན་ཞུས་ཀྱིས་དྲི་བ་ཕུལ་བར་བཀའ་ལན་སྩལ་གནང་འདུག

དེ་ཡང་འདི་ཟླའི་ཕྱི་ཚེས་༡༣ཉིན། གསར་འགོད་པ་ལྕམ་སྐུ་ཨ་མི་ར་ཧབ་ནར་ཨལ་ཇ་བྷ་ཇི་ Amira Hafner-Al Jabaji ལགས་ཀྱིས་དྲི་ཕུལ་དོན།

༡༈ ཐོག་མར་གྲོས་མོལ་གྱི་ཐབས་ལམ་ལ་རྩ་བ་ནས་ཡིད་ཆེས་མ་བྱེད་མཁན་ཚོར་འབྲེལ་བ་ཇི་ལྟར་བྱེད་དགོས་སམ།

ལན། ༧གོང་ས་མཆོག་གིས་"ང་ཚོ་འགྲོ་བ་མི་ཞིག་ཡིན་པར་བརྟེན་ཕྱོགས་ཡོངས་ཀྱི་གནས་སྟངས་གཞིར་བཞག་པའི་ཐོག་ནས་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་རྒྱུའི་ནུས་པ་ཡོད། མིའི་རྣམ་དཔྱོད་ཀྱི་ཤེས་རབ་འདི་ཧ་ལས་པ་ཞིག་རེད། དཀའ་ངལ་གྱི་ངོ་གདོང་ཙམ་ལ་ལྟ་སྐབས་ཛ་དྲག་པོ་ཞིག་ཚོར་ཡང་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་བློ་བཏང་བ་ཡིན་ན་དེ་འདྲ་རང་མིན་པ་ཞིག་མཐོང་རྒྱུ་རེད། སྤྱིར་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་རྣམས་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་མཐར་ཐུག་གི་དམིགས་ཡུལ་ནི་བྱམས་བརྩེ་དང་བཟོད་བསྲན། བག་ཡོད་བསྟེན་ཚུལ་སོགས་བསླབ་བྱ་དེ་དག་ལམ་སྟོན་གནང་མཁན་གཅིག་མཚུངས་རེད་ཅེས་བཀའ་ལན་སྩལ་བ།

༢༈ དེང་སྐབས་ཡུ་རོབ་ཏུ་ནང་ཆོས་ལ་དགའ་མོས་ཧ་ཅང་ཆེ་རུ་འགྲོ་བཞིན་པའི་རྒྱུ་མཚན་ཇི་ཡིན་ནམ།
ལན། ༧གོང་ས་མཆོག་གིས་ནང་ཆོས་དེ་གཙོ་བོ་རྒྱུ་མཚན་ལ་ཁུངས་གཏུགས་ནས་འགྲེལ་བཤད་རྒྱག་བཞིན་ཡོད་སྟབས་ཚན་རིག་གི་བསམ་བློ་ལྡན་པ་ཚོའི་བློར་བབ་པོ་ཡོད་འདུག་ཅེས་བཀའ་ལན་སྩལ་པ།

༣༈ ནང་པ་དང་ཁ་ཆེའི་དབར་གྱི་འབྲེལ་ལམ་སྐོར་ལ།
ལན། ༧གོང་ས་མཆོག་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་གནས་སུ་ཁ་ཆེ་དང་ནང་པ་གཉིས་དབར་མཐུན་འབྲེལ་ཡག་པོ་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ཉེ་ལམ་ཁུལ་དེར་ཆིབས་སྒྱུར་བསྐྱངས་ནས་ཉིན་གཅིག་རིང་ནང་པ་དང་ཁ་ཆེའི་སུན་ནི་ Sunni དང་ཤི་འ་ Shia བཅས་སྡེ་ཚན་སོ་སོའི་ལྷ་ཁང་ནང་ཆེད་མངགས་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་སྐོར་དང་། དེ་བཞིན་སྦར་མའི་ Burma ནང་ཁ་ཆེ་གྲངས་ཉུང་མི་རིགས་ Rohingya གནས་སྟངས་སྐོར་ཐོག་མར་གསན་སྐབས་མགོན་པོ་གང་ཉིད་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པ་དང་། སྐབས་དེར་ཡུལ་དེའི་ནང་པ་ཚོར་ཞེ་སྡང་དྲག་པོ་ལང་སྐབས་བཅོམ་ལྡན་འདས་ཀྱི་ཞལ་རས་དྲན་དགོས་པ་དང་། གལ་ཏེ་བཅོམ་ལྡན་འདས་ཞལ་བཞུགས་ཡོད་ན་ཏན་ཏན་ཁ་ཆེ་དེ་ཚོར་སྲུང་སྐྱོབ་གནང་གི་རེད། ཅེས་བརྗོད་རྒྱུ་བྱུང་། ཕྱོགས་མཚུངས་སྐབས་དེར་༸གོང་ས་མཆོག་གིས་ལྕམ་སྐུ་ཨང་སང་སུ་ཀི་ Aung San Suu Kyi མཆོག་དང་ལྷན་བཀའ་བསྡུར་མཛད་པ་མ་ཟད། བར་འདུམ་གནང་རོགས་ཞེས་འབོད་སྐུལ་ཡང་མཛད་ཡོད་སྐོར་ཐུགས་དྲན་གསོ་མཛད་པ་སོགས་དྲི་བ་དྲིས་ལན་གྱི་ལས་རིམ་ཡོངས་སུ་ལེགས་གྲུབ་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།