ཐེ་ཝན་ནང་བོད་རྒྱའི་གནད་དོན་སྐོར་གྱི་ཚོགས་འདུ་བསྐོང་ཚོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༢༦ཉིན་སྤེལ། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་ཉིན་གཅིག་རིང་ཐེ་ཝན་མང་གཙོའི་ཉམས་མྱོང་ལས་བོད་རྒྱའི་གནད་དོན་སྐོར་བགྲོ་གླེང་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་འདུག

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན།  ཕྱི་ལོ་༢༠༡༦ཟླ་༩ཚེས་༢༥ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཐེ་སྡོད་བོད་རིགས་ཚོགས་པ་གཉིས་ནས་གོ་སྒྲིག་ཐོག་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་ཉིན་གཅིག་རིང་ཐེ་ཝན་མང་གཙོའི་ཉམས་མྱོང་ལས་བོད་རྒྱའི་གནད་དོན་སྐོར་བགྲོ་གླེང་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་འདུག ཐེངས་འདིར་རྒྱ་གར་དང་། ཧོང་ཀོང་། སུད་སི། ཐེ་ཝན་བཅས་ནས་ཕེབས་པའི་མཁས་དབང་དང་། དགེ་རྒན་ཆེན་མོ། སློབ་ཕྲུག་སོགས་ནས་རྩོམ་ཡིག་སྒྲོགས་སྦྱང་གནང་ཡོད་འདུག

ཚོགས་ཐེངས་དང་པོ་གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་ལྕམ་ལེའི་གཡུས་ཉིང་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཧོང་ཀོང་གི་གསར་འགོད་པ་སྐུ་ཞབས་ཅིའི་ཧྲའོ་མིང་ལགས་ཀྱིས་བརྗོད་གཞི་ཧོང་ཀོང་གི་གནས་སྟངས་ནི་མང་གཙོ་མེད་ཐོག་རང་དབང་ཡང་ཤོར་བཞིན་ཡོད་སྐོར་དང་། ཐེ་ཝན་ཆབ་སྲིད་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་དགེ་ཆེ་ལིའི་ཡོའོ་ཐན་ལགས་ཀྱིས་བརྗོད་གཞི་བོད་མིའི་གནས་སྟངས་སྐོར་གླེང་བ་ཞེས་པའི་ཆེད་རྩོམ་སྒྲོགས་སྦྱང་གནང་། ཧོང་ཀོང་གི་སྤྱི་ཚོགས་ལས་འགུལ་བ་ལྕམ་ཝུའུ་ཨེན་ཕིང་ལགས་ཀྱིས་དཔྱད་གླེང་གནང་འདུག

ཚོགས་ཐེངས་གཉིས་པ་ཏུང་ཝུའུ་གཙུག་ལག་སློབ་ཆེན་དགེ་ཆེ་ཧོང་མོའོ་ལགས་ཀྱིས་གཙོ་སྐྱོང་དང་། དབུས་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་པའི་ཕྱོགས་ནས་བོད་རྒྱ་འབྲེལ་ལམ་སྐོར་གྱི་མཐོང་ཚུལ་ངོ་སྤྲོད་དང་། སུད་སིར་གནས་སྡོད་བསྟན་འཛིན་བདེ་ཆེན་ལགས་ཀྱིས་ཡུ་རོབ་བོད་ཀྱི་གཞོན་ནུའི་སྐོར་ངོ་སྤྲོད། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་གནང་མཁན་སྲས་མོ་ལིན་ཤིན་དབྱི་ལགས་ཀྱིས་ཚོགས་པ་གསར་འཛུགས་དགོས་པའི་ངོ་སྤྲོད་བཅས་གནང་འདུག

ཚོགས་ཐེངས་གསུམ་པ་ཐེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སུན་ཀྲེ་བྷེན་ལགས་ཀྱིས་གཙོ་སྐྱོང་དང་། ཐེ་ཝན་གཙུག་ལག་སློབ་ཆེན་ཞིབ་འཇུག་སློབ་མ་ལིའི་ཕེང་ཤོན་ལགས་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པར་ཁྲིམ་ཐོག་གི་རྡུང་རྡེག་ཅེས་པ་དང་། ཐེ་ཝན་གཙུག་ལག་སློབ་ཆེན་འབུམ་རམས་པ་ཡཱང་ཤིའུ་ཅིང་ལགས་ཀྱིས་ཐེ་ཝན་གཞུང་སྔ་རྗེས་གཉིས་ཀྱི་ཕྱི་འབྲེལ་སྲིད་བྱུས་སྐོར་ལ་དཔྱད་པའི་རྩོམ་ཡིག་སྦྱང་གནང་། དགེ་ཆེ་ལིའི་ཡོའོ་ཐན་ལགས་ཀྱིས་དེ་འབྲེལ་དཔྱད་གླེང་གནང་འདུག

ཚོགས་ཐེངས་བཞི་པ་ཐེ་ཝན་ཀྲུང་ཧྭ་སློབ་ཆེན་དགེ་ཆེ་གཞོན་པ་ཙེང་ཅན་ཡོན་ལགས་ཀྱིས་གཙོ་སྐྱོང་དང་། ཐེ་ཝན་ཀྲུང་ཤིན་སློབ་ཆེན་རྒྱལ་སྤྱིའི་སྲིད་དོན་ཞིབ་འཇུག་སྡེ་ཚན་འགན་འཛིན་དགེ་ཆེ་གྲན་མུའུ་མིན་ལགས་ཀྱིས་བོད་དང་རྒྱ་དཀར་ནག་གཉིས་ཐེ་ཝན་བཅས་ཀྱི་འབྲེལ་ལམ་བརྒྱུད་རིམ་སྐོར་ལ་གླེང་བ། ཐེ་ཝན་ཕུའུ་དབྱིང་ཚན་རྩལ་སློབ་ཆེན་དགེ་ཆེ་སུའུ་ཅཱ་ཧུང་ལགས་ཀྱིས་༢༠༡༦ལོའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་འོས་བསྡུ་དང་འབྲེལ་བའི་ཐོག་དཔྱད་རྩོམ་སྒྲོགས་སྦྱང་གནང་། བགྲོ་གླེང་ཚོགས་འདུར་མི་གྲངས་ལྔ་བཅུ་ཙམ་མཉམ་ཞུགས་གནང་ཡོད་པ་དང་། གོང་གསལ་བརྗོད་གཞིའི་ཐོག་དྲི་བ་དྲིས་ལན་ལྷུག་པོ་གནང་རྗེས་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཚོགས་ཞུགས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ཚོགས་འདུ་གྲོལ། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་སྐབས་དྲུག་པ་ཡིན་པ་རེད་འདུག

གཞན་ཡང་ཚོགས་འདུ་དབུ་འཛུགས་སྐབས་གངས་ལྗོངས་དཔེ་སྐྲུན་ཁང་གི་དཔེ་དེབ་གསར་པ་རྒྱ་རིགས་རྩོམ་པ་པོ་གྲན་ཀྲན་ཞུ་བས་བཙན་བྱོལ་བོད་མིར་བཅར་འདྲི་ཞུས་པའི་ནང་དོན་འཕགས་པ་སྤྱན་རས་གཟིགས་ཀྱི་མི་མང་ཚོའི་སྙིང་གཏམ་ཉོན་དང་ཞེས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་དང་། བོད་ལྗོངས་སློབ་ཆེན་སློབ་ཟུར་བློ་བཟང་བསྟན་འཛིན་ལགས་ཀྱི་མི་ཚེའི་ལོ་རྒྱུས་ནམ་ཡང་གཉའ་མི་ཞུམ་ཞེས་པའི་རྒྱ་ཡིག་དེབ་གཉིས་དབུ་འབྱེད་གནང་ཡོད་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།