དྲག་སྤྱོད་པ་རྣམས་ནི་ཁ་ཆེ་དང་ནང་པ་དག་ཅིག་མིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༡༦ཉིན་སྤེལ། དོན་དངོས་ཐོག་བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་ཆེད་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་འདིས་བོད་མི་རྣམས་ནས་མདོ་དོན་བདེན་མཐའ་གསལ་ཆེད་མུ་མཐུད་མི་གཞན་ལ་གནོད་འཚེ་མི་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་པོ་རེད་ཅེ་བཀའ་སློབ་གནང་ཡོད་འདུག

 

འདི་ཟླའི་ཕྱི་ཚེས་ ༡༤ ཉིན་གྱི་༧གོང་ས་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་དང་སྐུ་ཚབ་སུམ་ཅུ་ཙམ་དང་ལྷན་ཞོགས་ཟས་ལྷན་བཞེས་མཛད་ཡོད། དེ་ཡང་༸གོང་ས་མཆོག་གྲོས་ཚོགས་གོང་མའི་ནང་༸ཞབས་སོར་འཁོད་སྐབས་གྲོས་ཚོགས་འཐུས་མི་རྣམས་དང་སྐུ་ཚབ་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྐབས་དེར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Michel Raison ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས་བཀའ་སློབ་སྩལ་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག

དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་ཚོ། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རང་ཚོ་ཐུག་རྒྱུའི་གོ་སྐབས་བྱུང་བར་ཆེས་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། རྣམ་པ་ཚོས་བོད་ཀྱི་བདེན་དོན་ཆེད་རྒྱབ་སྐྱོར་གནང་བར་ངོས་ནས་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཐོག་མ་ཉིད་ནས་འཚེ་མེད་ཞི་བའི་སྒོ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་བཞིན་ཡོད། དོན་དངོས་ཐོག་བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་ཆེད་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་འདིས་བོད་མི་རྣམས་ནས་མདོ་དོན་བདེན་མཐའ་གསལ་ཆེད་མུ་མཐུད་མི་གཞན་ལ་གནོད་འཚེ་མི་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་པོ་རེད། ང་ཚོའི་གྲོགས་པོ་ཚོས་མཁྱེན་གསལ་རེད། ང་ཚོའི་འདས་པའི་ལོ་རྒྱུས་ཇི་ཡིན་ལ་མ་ལྟོས་པར་བོད་མི་རྣམས་ཀྱིས་རྒྱ་ནག་དང་ཁ་བྲལ་ཏེ་རང་བཙན་རྩོད་ཀྱི་མེད། འདས་པའི་ལོ་ཤས་ནང་རྒྱ་མི་ཤེས་ཡོན་ཅན་མང་པོ་ཞིག་གིས་ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པའི་དཔྱད་རྩོམ་ཆིག་སྟོང་ཙམ་ཐོན་ཡོད། ཅེས་དང་།

དེ་བཞིན་༸གོང་ས་མཆོག་གིས་གང་ཉིད་མཆོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྙིང་སྟོབས་འདིར་ཐུགས་མོས་ཧ་ཅང་ཆེན་པོ་མཛད་ཀྱི་ཡོད་སྐོར་བཀའ་སློབ་ཕེབས་དོན། ཡུ་རོབ་མཐུན་ཚོགས་ཀྱི་སྙིང་སྟོབས་དེས་ང་ཚོར་འདས་པའི་གནད་དོན་རྒྱབ་སྐྱུར་གྱིས་དངོས་ཡོད་གནས་ཚུལ་གསར་པ་དང་བསྟུན་ནས་འགྲོ་ཐུབ་ངེས་ཡིན་པ་ཞིག་བསྟན་ཡོད། ཐེངས་ཤིག་ངོས་ཀྱི་དངོས་ཁམས་རིག་པའི་སློབ་སྟོན་པ་སྐུ་ཞབས་ Carl Friedrich von Weizsäcker ལགས་ཀྱིས་ཁོང་རང་ཉིད་ཕྲུ་གུ་ཆུང་ངུ་ཡིན་པའི་གནས་སྐབས་སུ་ཕ་རན་སིའི་མིག་ནང་འཇར་མན་ཡོངས་རྫོགས་ཕ་རན་སིའི་དགྲ་བོ་ཡིན་པ་མཐོང་བ་བཞིན། འཇར་མན་བས་དེ་མཚུངས་མཐོང་གི་ཡོད། ཅེས་གསུངས་མྱོང་། དེ་ནི་ད་ཆ་དུས་ཚོད་ཡོལ་ཟིན་སྟབས་འགྱུར་བ་ཧ་ཅང་ཕྱིན་ཡོད། ཡུ་རོབ་མཐུན་ཚོགས་ཀྱི་སྙིང་སྟོབས་འདི་མུ་མཐུད་དེ་ཨུ་རུ་སུ་དང་། ཨི་ཤི་ཡ། དེ་བཞིན་ཨ་ཕི་རི་ཀའི་ནང་མིག་ལྟོས་ཀྱིས་རྒྱ་སྐྱེད་ཐུབ་པ་ཞིག་དགོས། འདི་ནི་འབྱུང་འགྱུར་གྱི་འཛམ་གླིང་དེ་ཡིན། གང་ཡིན་ཟེར་ན། ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་ཁྱིམ་ཚང་གཅིག་ལྟར་གནས་དགོས་པ་དང་། དེ་ལྟར་གང་འདྲ་བྱས་ནས་གནས་ཐུབ་པ་ནི་ཡུ་རོབ་མཐུན་ཚོགས་ཀྱིས་ང་ཚོར་མིག་དཔེ་བསྟན་ཡོད། ཁྱེད་རྣམ་པས་བོད་དོན་ཐོག་ཐུགས་ཚབ་དང་རྒྱབ་སྐྱོར་གནང་བ་དེ་ཧ་ཅང་ཕན་ཐོགས་ཡོང་བཞིན་འདུག རྣམ་པ་ཚོ་རྒྱ་ནག་གཞུང་གི་སྐུ་ཚབ་དང་མཉམ་ཐུག་འཕྲད་ཀྱི་གོ་སྐབས་ནམ་བྱུང་ང་ཚོར་རྒྱབ་སྐྱོར་གྱི་རྣམ་པ་དེ་གསལ་སྟོན་གནང་རོགས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་ལམ་ལུགས་དང་ཚོགས་པ་གཅིག་གིས་དབང་བསྒྱུར་འོག་གནས་ཡོད་ཀྱང་། རྒྱ་ནག་ནང་རིམ་པས་འགྱུར་བ་འགྲོ་བཞིན་ཡོད། རྒྱ་ནག་གི་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་འཆམ་མཐུན་དང་ཆིག་སྒྲིལ་ཡོད་སྐོར་བཤད་ཀྱི་ཡོད་ཀྱང་ད་བར་ཁོང་ཚོས་འཛིན་པའི་སྲིད་བྱུས་དེས་གྲུབ་འབྲས་གང་ཡང་ཐོན་ཐུབ་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་མ་ཟད།

གྲོས་ཚོགས་གོང་མའི་འཐུས་མི་དང་སྐུ་ཚབ་རྣམ་པའི་ངོས་ནས་བོད་ནང་རང་བྱུང་ཁོར་ཡུག་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། བོད་ཀྱི་རང་བྱུང་ཁོར་ཡུག་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཞིག་གིས་མཐོ་སྒང་བོད་ཀྱི་ས་ཆ་དེར་འཛམ་གླིང་གི་སྣེ་གསུམ་པ། ཞེས་འབོད་ཀྱི་ཡོད། གང་ཡིན་བརྗོད་ན། བོད་ཀྱི་ཁོར་ཡུག་ལ་གནོད་པའི་བྱ་སྤྱོད་གང་སྤེལ་བ་དེའི་རྗེས་འབྲས་སུ་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་དང་གཅིག་མཚུངས་ལྟར་གལ་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད། བོད་ནང་གང་བྱུང་ཤིང་ནགས་གཅོད་བྲེག་དང་གཏེར་ཁ་སྔོག་འདོན་བྱེད་སྐབས་ས་གནས་བོད་མི་ཚོས་ཞི་རྒོལ་བྱེད་དུས་བཀའ་འགོག་བྱེད་བཞིན་ཡོད། ངོས་ཀྱིས་ནམ་རྒྱུན་གྲོས་ཚོགས་འཐུས་མི་རྣམ་པར་བོད་ཀྱི་ཁོར་ཡུག་གི་གནས་སྟངས་རྟོག་ཞིབ་སླད་བོད་ནང་ཕེབས་རོགས་ཞེས་ཡང་ཡང་འབོད་སྐུལ་བྱེད་བཞིན་ཡོད། ཅེས་དང་། དེ་རྗེས་སྐུའི་ཡང་སྲིད་སྐོར་གྱི་དྲི་བར་བཀའ་ལན་སྩལ་ཡོད།

དེ་རྗེས་༸གོང་ས་མཆོག་ཆོས་ལུགས་འདྲ་མིན་གྱི་བགྲོ་གླེང་ལྷན་ཚོགས་ཐོག་༸ཞབས་སོར་འཁོད་སྐབས་ཕ་རན་སི་ནང་ཡོད་པའི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་མཆོད་དཔོན་ Cardinal André Vingt-Trois མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཡེ་ཤུ་དང་། ཁ་ཆེ། ནང་པ་སོགས་ཀྱི་མཆོད་དཔོན་དང་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ལྷན་ཞུགས་ཐོག་བཀའ་སློབ་སྩལ་དོན། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཤ་སྟག་ཡིན་པ་དང་། དཀའ་ངལ་དེ་དག་ཕྲག་དོག་དང་ཞེ་སྡང་། དོགས་པ། ཆགས་སྡང་འཁོན་འཛིན་སོགས་བློ་མ་རུང་བ་དེ་དག་ལས་བྱུང་བ་རེད། དེར་བརྟེན་ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་མིའི་གཞི་རྩའི་རང་བཞིན་ལྷན་སྐྱེས་བྱམས་བརྩེ་ཡིན་པ་དེ་གོང་འཕེལ་གཏོང་ཐབས་གནང་དགོས། ང་ཚོ་འདིར་ཞི་བདེ་དང་འཆམ་མཐུན་ངང་གནས་ཡོད་ཀྱང་ས་ཕྱོགས་གཞན་དཔེར་ན། ཨི་རཀ་དང་ཡ་མན། སི་རི་ཡ་བཅས་ཀྱི་ནང་ཆོས་ཀྱི་མིང་འཁྱེར་ནས་དྲག་སྤྱོད་ཀྱི་ལས་འགུལ་ཚབས་ཆེ་སྤེལ་ནས་མི་གཅིག་གིས་གཅིག་ལ་གསོད་རེས་བྱེད་བཞིན་ཡོད། ང་ཚོས་དེ་དག་སྣང་མེད་དུ་གཏོང་ཐབས་མེད། གང་ལ་ཞེ་ན། གནད་དོན་འདི་ནི་ང་ཚོ་འགྲོ་བ་མིའི་རིགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་མ་ཟད། དེར་སྣང་མེད་གཏང་ཚེ་བཟང་སྤྱོད་དང་འགལ་གྱི་ཡོད། སྲོག་གཅོད་རྒྱུ་ནི་ཐབས་སྡུག་ཡིན་པ་མ་ཟད། ཆོས་ཀྱི་མིང་འཁྱེར་ནས་མི་གཅིག་གིས་གཅིག་ལ་གསོད་རེས་བྱེད་རྒྱུ་དེ་ཧ་ཅང་ཐབས་སྡུག་རེད། ཅེས་བཀའ་སློབ་སྩལ།

དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་ཐབས་ཆེད་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམས་དང་ལྷན་མཇལ་འཕྲད་ཀྱིས་ཆོས་ལུགས་ཕན་ཚུན་དབར་མཐུན་པ་དང་མི་མཐུན་པའི་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་དང་ཆོས་ལུགས་འདྲ་མིན་གྱི་མཆོད་ཁང་སོགས་ལ་གནས་གཟིགས་ཕེབས་ཀྱི་ཡོད་སྐོར་སོགས་བཀའ་སློབ་སྩལ་བ་མ་ཟད། དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་མཁན་ཚོར་ཁ་ཆེ་དང་ནང་པའི་འཇིགས་སྐུལ་དྲག་སྤྱོད་པ་ཞེས་བརྗོད་ན་ནོར་བ་རེད། གང་ལ་ཞེ་ན། འཇིགས་སྐུལ་དྲག་སྤྱོད་པ་རྣམས་ནི་ཁ་ཆེ་དང་ནང་པའི་རྗེས་འབྲང་པ་ཡང་དག་ཅིག་མིན། མི་ཉུང་ཤས་ཤིག་གིས་རྙོག་གྲ་བཟོས་པ་དེས་ནང་པ་དང་ཁ་ཆེའི་སྤྱི་ཚོགས་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་ནོར་འཁྲུལ་རེད། ངོས་རང་འདས་པའི་ལོ་ངོ་ ༥༧ ལྷག་རིང་ནས་རྒྱ་གར་ནང་འཚོ་གནས་བྱེད་བཞིན་ཡོད། རྒྱ་གར་ནང་ཁ་ཆེའི་མི་འབོར་ནི་པ་ཀི་སི་ཐན་ལས་མང་བ་ཡོད་ཀྱང་། ཆོས་ལུགས་གཞན་དང་འཆམ་འཐུན་ཐོག་མཉམ་གནས་བྱེད་བཞིན་ཡོད། རྒྱ་གར་ནང་ཧིན་དུ་དང་། གཅེར་བུ་བ། ནང་པ། སིཀ་ཆོས་ལུགས་དར་བ་དང་ཆབས་ཅིག ཡི་ཤུ་དང་ཁ་ཆེ། ཇིའུ། ཛོ་ར་སི་ཊི་རན་ཆོས་ལུགས་སོགས་དར་འཕེལ་བྱུང་ནས་ཆོས་ལུགས་ཚང་མ་འཆམ་མཐུན་ཐོག་མཉམ་གནས་བྱེད་བཞིན་ཡོད། གལ་ཏེ་རྒྱ་གར་ལྟ་བུ་འཛམ་གླིང་ནང་མི་འབོར་མང་ཤོས་གཉིས་པ་ཡིན་པའི་རྒྱལ་ཁབ་ལྟ་བུས་འདི་ལྟར་བྱེད་ཐུབ་ཚེ། འཛམ་གླིང་ནང་གི་རྒྱལ་ཁབ་གཞན་ཚོས་དེ་ལྟར་བྱེད་མི་ཐུབ་པ་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གནང་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།