བྱམས་བརྩེ་སྤེལ་བར་སེམས་ཁམས་རིག་པའི་སྐོར་ཤེས་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༡༥ཉིན་སྤེལ། སེམས་ཁམས་རིག་པའི་སྐོར་དེ་ཚོའི་གྲས་ནི་བོད་གཅིག་པུ་མ་གཏོགས་གཞན་སུ་ལའང་མི་འདུག དེ་ང་ཚོ་བོད་པའི་གཅེས་ནོར་ཆགས་ཀྱི་ཡོད་ཅེས་མགོན་པ་གང་ཉིད་ཀྱིས་ལམ་སྟོན་སྩལ་འདུག

འདི་ཟླའི་ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱི་ཚོགས་མི་དང་། ས་གནས་ཀྱི་གསར་འགོད་པ་ཁག་གཅིག དེ་བཞིན་ས་གནས་བོད་རིགས་རྣམས་ལ་བཀའ་སློབ་ལམ་སྟོན་སྩལ་ཡོད་འདུག

དེ་ཡང་མགོན་པོ་གང་ཉིད་ཀྱིས་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་དང་དུས་དེབ་ཀྱི་གསར་འགོད་པར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། ༸སྐུའི་ཡང་སྲིད་སོགས་ཀྱི་དྲི་བར་བཀའ་ལན་སྩལ་དོན། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་ཡིན་པས། ཕན་ཚུན་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པ་དང་། ཚན་རིག་པས་ཉམས་ཞིབ་བརྒྱུད་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་ནི་མ་འོངས་པར་ཞི་བདེ་ཡོང་རྒྱུར་རེ་བའི་ས་བོན་ཞིག་ཡིན་ལ། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གསོན་པོ་གནས་ཐུབ་རྒྱུ་དང་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱུ་རྒྱུའི་ཐད་ཐུགས་འགན་བཞེས་ཀྱི་ཡོད་པའི་བཀའ་སློབ་སྩལ་བ་མ་ཟད་ཁོང་རྣམ་པའི་དྲི་བར་བཀའ་ལན་ཡང་སྩལ་འདུག

ཉིན་རྒྱབ་ཁྲིམས་རྩོད་པའི་ལྷན་ཚོགས་སུ་ཚོགས་མི་གྲངས་ ༣༥༠ ཙམ་ལ་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཐད་འགན་འཁུར་བླང་ཕྱོགས་སྐོར་༸གོང་ས་མཆོག་གིས་ང་ཚོར་སྡོད་གནས་སའི་གོ་ལ་འདི་ཁོ་ན་ལས་མེད་པས་འགྲོ་བ་མིའི་སྤྱིའི་བདེ་དོན་ཆེད་དུ་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་ཡིན་པས་དེ་འབྲེལ་ཚང་མས་ཁོར་ཡུག་སྲུང་སྐྱོབ་ཐད་དོ་སྣང་ཆེ་ཙམ་དགོས་པའི་བཀའ་སློབ་སྩལ་ཡོད། སྐབས་དེར་ཁྲིམས་རྩོད་པའི་ལྷན་ཚོགས་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུག

དེ་རྗེས་ས་གནས་བོད་རིགས་གྲངས་གསུམ་སྟོང་བརྒལ་བ་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། དགོན་་པ་ཚོ་ཡིན་ནའང་སློབ་སྦྱོང་དགོས། སངས་རྒྱས་པའི་ཆོས་ཟེར་རྒྱུ་ནི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་ངོས་ཀྱིས་འདི་ལྟར་འབོད་སྐུལ་བྱེད་ཀྱི་ཡོད། དེར་བརྟེན་བོད་པ་ཚོ་བོད་ཡིག་ནང་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་དེ་སློབ་སྦྱོང་བྱེད་ཐུབ་ན། ཆོས་དད་མེད་མཁན་ཞིག་ཡིན་ནའང་གཞུང་ཆེན་ཚོའི་ནང་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་ཡོད། དེ་དག་འབྱུང་ས་ནི་བཀའ་འགྱུར་བསྟན་འགྱུར་ནས་བྱུང་བ་རེད། ནང་པའི་དཔེ་ཆ་ནང་ནས་བྱུང་བ་རེད། འོན་ཀྱང་བེད་སྤྱོད་བྱེད་ཡུལ་ནི་འཛམ་གླིང་སྤྱི་ལ་བེད་སྤྱོད་བྱེད་ཐུབ་པ་ཞིག་ཕལ་ཆེར་རེད་འདུག
 ཚད་མ་རིག་པ་ཆ་བཞག་ན་ཚན་རིག་པ་ཚོས་བརྟག་དཔྱད་བྱེད་ཡོང་དུས་ཚད་མ་རིག་པའི་འགྲོ་སྟངས་བཞིན་བྱེད་ཀྱི་འདུག དེ་བཞིན་སེམས་ཁམས་རིག་པའི་སྐོར་ཆ་བཞག་ན། འཛམ་གླིང་གི་ཚན་རིག་པ་སྙན་གྲགས་ཡོད་མཁན་གྱིས་སངས་རྒྱས་པའི་གཞུང་ནང་ཡོད་པའི་སེམས་ཁམས་རིག་པ་སྐོར་ལ་ཧ་ཅང་དོ་སྣང་བྱེད་ཀྱི་འདུག དེར་བརྟེན་དེ་འདྲའི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་འདས་པའི་ལོ་བཅུ་ཕྲག་ནང་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཡོད་པ་དེ་དག་བརྗོད་བྱའི་ཆ་ནས་དུམ་བུ་གསུམ་དུ་ཕྱེ་ནས་ཚན་རིག་སྡེ་ཚན་གཅིག ལྟ་གྲུབ་སྡེ་ཚན་གཅིག སངས་རྒྱས་པའི་ཆོས་སྐོར་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་ཕྱེ་སྟེ་དེའི་ནང་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ཟུར་དུ་བཏོན་ནས་བོད་ཡིག་ནང་ཐོན་ཡོད། ཨིན་ཇི་དང་རྒྱ་ཡིག ཧིན་དི། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཁ་ཤས་ཀྱི་སྐད་ཡིག་ནང་བསྒྱུར་རྒྱུ་འགོ་བཙུགས་ཏེ་འགྲོ་བཞིན་ཡོད། དེ་ཚོའི་གྲས་ནི་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་རེད། ངོས་ཀྱིས་འཛམ་གླིང་སྤྱི་ལ་བྱམས་བརྩེ་སྤེལ་དགོས་རེད་ཅེས་འབོད་སྐུལ་དང་འབད་བརྩོན་བྱེད་ཀྱི་ཡོད། བྱམས་བརྩེ་སྤེལ་བར་སེམས་ཁམས་རིག་པའི་སྐོར་ཤེས་དགོས། དེར་བརྟེན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་སེམས་ཁམས་རིག་པར་ Psychology ལབ་པ་ཡིན་ན་ཚད་དམའ་བོ་ཞིག་མ་གཏོགས་མི་འདུག

སྤྱིར་རྒྱ་གར་འཕགས་པའི་ཡུལ་ནི་དངོས་གནས་དྲང་གནས་སེམས་ཁམས་རིག་པའི་སྐོར་ཧ་ཅང་སྤུས་དག་པོ་དང་ཞིབ་ཚགས་པོ་འདུག འོན་ཀྱང་རྒྱ་གར་ནང་དེར་དོ་སྣང་བྱེད་མཁན་མེད། སྔར་ལམ་རིང་ལུགས་ཆགས་ནས་ཡོད། སྔར་ཡིན་ན་མུ་སྟེགས་པའི་མཁས་པ་དེ་འདྲ་ཡོང་གི་ཡོད། ཕྱིས་སུ་མེད། ཐེངས་ཤིག་ལྡི་ལིར་རྒྱལ་སྤྱིའི་ཧིན་དུ་ཆོས་ལུགས་འཛིན་མཁན་ཚོའི་ཚོགས་ཆེན་ཞིག་ཚོགས་པ་རེད། དེ་དུས་ངར་ཤོག་ཟེར་གྱི་འདུག ངོས་རང་དེར་ཕྱིན་ཏེ་ངོས་ཀྱིས་སྔ་མོ་དུས་རབས་གཉིས་པ་དང་གསུམ་པའི་སྐབས་སུ་ནཱ་ལེནྡྲའི་མཁས་པ་དེ་འདྲས་གཞུང་རྩོམ་པའི་སྐབས་སུ་མུ་སྟེགས་པའི་མཁས་པ་མང་པོ་ཡོད་པའི་རྟགས་འདུག ནང་པ་དང་མུ་སྟེགས་པའི་མཁས་པ་དབར་བགྲོ་གླེང་བྱས་ཏེ་དཔྱད་བསྡུར་བྱས་པ་བྱུང་འདུག དེ་དུས་མུ་སྟེགས་པའི་མཁས་པ་ཧ་ཅང་མང་པོ་ཡོད་པ་རེད་འདུག འདི་སླར་གསོ་བྱེད་དགོས་རེད། ཅེས་འདིར་ལྟར་འབོད་སྐུལ་བྱས་ཡིན། མུ་སྟེགས་པའི་ཆོས་བརྒྱུད་འཛིན་མཁན་ཚོས་ཆོ་ག་དང་འདོན་པ་འདྲ་ཞིག་འདོན་པ་ཙམ་གྱི་འདང་གི་མ་རེད། སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་འབོད་སྐུལ་ཞུ་རྒྱུ་བྱུང་།

སྤྱིར་སྔར་ཕྱུག་པོ་ཡོད་རེད་དེང་སྐབས་ཉམས་ཡོད། རྒྱ་གར་མཁས་པའི་རྣམ་དཔྱོད་རྩལ་ནས་ཐོན་པའི་རིག་པའི་འགྲོ་སྟངས། དེ་བཞིན་སེམས་ཁམས་རིག་པའི་སྐོར་དེ་ཚོའི་གྲས་ནི་བོད་གཅིག་པུ་མ་གཏོགས་གཞན་སུ་ལའང་མི་འདུག དེ་ང་ཚོ་བོད་པའི་གཅེས་ནོར་ཆགས་ཀྱི་ཡོད། དེ་འགྲེལ་བཤད་བརྒྱག་རྒྱུ་བོད་ཡིག་ཐོག་འགྲེལ་བཤད་བརྒྱབ་པ་ནང་བཞིན་རྒྱ་ཡིག་ནང་དེ་ལྟར་བསྒྱུར་བ་མི་འདུག རྒྱ་སྐད་ནང་བརྡ་རྙིང་པ་དེ་འདྲའི་ཐོག་ནས་ཡོད་པ་ཡིན་སྟབས། དེང་སྐབས་བརྡ་རྙིང་དེ་དག་གཞི་ནས་སློབ་སྦྱོང་བྱེད་ན་མ་གཏོགས་ཡོང་རྒྱུ་མེད་པ་ལྟ་བུ་ཞིག་དང་། གོང་དུ་བརྗོད་པ་བཞིན་གཞུང་མང་པོ་ཞིག་བསྒྱུར་ཡང་མི་འདུག དེ་འདྲ་ཡིན་དུས་འཛམ་གླིང་སྤྱི་ལ་ཆ་བཞག་པ་ཡིན་ནའང་ང་ཚོ་བོད་པའི་བོད་ཡིག་ནང་ཡོད་པའི་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ལྟ་གྲུབ་སྐོར་དེ་དག་འཛམ་གླིང་སྤྱི་ལ་ཕག་ཐོགས་བྱེད་ཐུབ་རྒྱུ་ཞིག་ཏན་ཏན་འདུག འདི་ང་རང་ཚོས་ངོས་ཟིན་པ་བྱས་ཏེ། འཛམ་གླིང་སྤྱི་ལ་ཞབས་འདེགས་དང་ཕན་ཐོགས་བསྒྲུབ་ཐུབ་རྒྱུའི་ཆ་རྐྱེན་དང་ནུས་པའམ་གོ་སྐབས་ཡོད་པ་འདི་ང་ཚོས་བདག་པོ་བརྒྱབ་ཐུབ་དགོས། ཤེས་སོང་ངམ།

ང་ཚོ་དེ་སྔ་བཙན་བྱོལ་ལ་ཡོད་པའི་སྐབས་ལ་སོ་སོ་རང་མགོ་ཐོན་ཙམ་བྱུང་ན་སྙམ་པ་མ་གཏོགས་གཞན་གང་ཡང་མེད། དེ་ནས་ག་ལེར་འཛམ་གླིང་འདི་རྒྱུས་ཡོད་ཆགས་ཡོང་དུས་ང་ཚོའི་རིག་གཞུང་གི་ཐོག་ནས་འཛམ་གླིང་ལ་ཕར་ཕན་ཐོགས་བྱེད་ཐུབ་རྒྱུའི་ཆ་རྐྱེན་གཅིག་ཡོད་པ་མཐོང་ཡོང་གི་འདུག དེ་འདྲ་ཡིན་དུས་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་གྱི་བདག་པོ་དེ་བོད་མི་མང་རེད། དེར་བརྟེན་བོད་མི་མང་གིས་བདག་པོ་བརྒྱབ་དགོས་ཀྱི་ཡོད་རེད། དེ་ལྟ་བུའི་ལྟ་གྲུབ་བདག་པོ་བརྒྱབ་རྒྱུ་ནི་མཆོད་གཤོམ་ནང་བསྒྲིག་རྒྱུ་མིན་པར་སློབ་སྦྱོང་བྱེད་ནས་ཤེས་ཡོན་དེ་སེམས་ཀྱི་ནང་འཇགས་པ་ཞིག་བྱུང་ན་བདག་པོ་བརྒྱབ་ཐུབ་ཀྱི་རེད། དེ་སློབ་སྦྱོང་བྱེད་ནས་ཡོང་གི་རེད་མ་གཏོགས་སྨོན་ལམ་བརྒྱབ་ནས་ཡོང་རྒྱུ་མེད། དེར་བརྟེན་ད་ལྟ་ངོས་ཀྱིས་ལབ་པ་བཞིན་དགོན་སྡེ་ཁག་ཚོས་སློབ་སྦྱོང་བྱེད་ནས་གྲུབ་འབྲས་ཡག་པོ་ཐོན་ཡོད། བཙུན་མའི་དགོན་པ་ཚོས་ཀྱང་སློབ་སྦྱོང་བྱས་ནས་གྲུབ་འབྲས་ཡོག་པོ་ཐོན་ཡོད། ད་ཆ་མང་ཚོགས་སྐྱ་བོ་ཕོ་མོ་ཚོས་སློབ་སྦྱོང་བྱེད་རྒྱུའི་ཐོག་དོ་སྣང་བྱེད་དགོས་ཀྱི་འདུག ད་ལྟ་ངོས་ཀྱིས་བཤད་པ་རྣམས་བོད་ཡིག་ཐོག་ཐོན་ཡོད། དེ་ཚོ་ཁྱེད་ཚོས་དུས་རྟག་ཏུ་མིན་པར་མཚམས་རེ་གུང་གསེང་སྐབས་རུབ་རུབ་བྱེད་རྒྱུ་བྱུང་སྐབས་འགྲེལ་བཤད་རྒྱག་ཐུབ་མཁན་ཚོས་འགྲེལ་བཤད་བརྒྱབ། ཁྱེད་རང་ཚོས་ཀྱང་དོ་སྣང་བྱས། འཛིན་གྲྭ་ཚོགས་རྒྱུ་ཡོང་རྒྱུ་མེད་ནའང་ཞར་དང་ཞོར་ལ་དོ་སྣང་བྱེད་དགོས། ཁྱེད་རང་ཚོ་ཁྱིམ་ཚང་གཅིག་ནང་ཡིན་ནའང་དགའ་དགའ་སྐྱིད་སྐྱིད་དེ་འདྲ་ཚོགས་པའི་སྐབས་ལ་འབྲེལ་བ་མེད་པའི་སྒྲུང་བཤད་རྒྱུ་དང་གློག་བརྙན་ཤ་སྟག་སྟོན་པ་མ་ཡིན་པར་ང་ཚོའི་བོད་ཡིག་ཀློག་ནས་འགྲེལ་བཤད་བརྒྱབ་པ་དང་གྲོས་བསྡུར་བྱེད་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། ཚད་མ་རིག་པ་སློབ་སྦྱོང་བྱེད་ན་བསམ་བློ་གྲུང་རུ་འགྲོ་གི་རེད།

བསམ་བློ་གྲུང་པོ་བྱུང་ན་སོ་སོའི་ལྟོ་གོས་ལས་ཀ་ཡིན་ནའང་ཡག་པོ་དང་ཚགས་ཚུད་ཆགས་ཀྱི་རེད། འདི་ཁྱེད་ཚོར་འབོད་སྐུལ་ཞུ་འདོད་བྱུང་། དེ་རིང་ཁ་སང་གང་སར་དེ་ལྟར་འབོད་སྐུལ་བྱེད་ཀྱི་ཡོད། རྒྱ་མི་དང་བོད་པ། ཉི་ཧོང་ནང་པ། དེ་བཞིན་ནང་པ་ཚང་མས་དུས་རབས་ཉེར་གཅིག་གི་ནང་པ་བྱེད་དགོས་རེད། དུས་རབས་ཉེར་གཅིག་གི་ནང་པ་ཟེར་ན་གང་འདྲ་རེད་ཅེ་ན་སློབ་སྦྱོང་ཡོད་པའི་ཐོག་ནས་ཤེས་ནས་དད་པ་ཐོབ་པ་བྱུང་ན་དུས་རབས་ཉེར་གཅིག་གི་ནང་པ་ཆགས་ཀྱི་རེད། རྒྱུ་མཚན་གང་ཡང་བཤད་རྒྱུ་མེད་པར་སྐྱབས་སུ་མཆི་ཞེས་ལབ་པ་ཡིན་ན་དུས་རབས་ཉེར་གཅིག་གི་ནང་པ་ཆགས་ཀྱི་མེད། སྔ་མོའི་འདས་པའི་དུས་རབས་ནང་མི་ལ་ཤེས་ཡོན་མེད་པར་རྨོངས་དད་ཁོ་ནའི་འོག་འགྲོ་བའི་འགྲོ་སྟངས་ཞིག་ཆགས་གི་འདུག དེར་བརྟེན་ངོས་ཀྱིས་དུས་རབས་ཉེར་གཅིག་གི་ནང་པ་ཞིག་བྱེད་དགོས་འདུག་ཅེས་བཤད་ཀྱི་ཡོད། འདི་ཁྱེད་ཚོར་ཞུ་འདོད་བྱུང་། གཞན་དམིགས་བསལ་གང་ཡང་ཞུ་རྒྱུ་མི་འདུག ཆབ་སྲིད་ཐོག་ངོས་ལ་དམིགས་བསལ་འགན་མེད། གང་ལྟར་སྲིད་སྐྱོང་འོས་བསྡུའི་ཐོག་ནས་ཕེབས་པའི་སྲིད་སྐྱོང་གིས་འགན་བཞེས་ཀྱི་ཡོད་རེད། ངོས་ཀྱི་འགན་ནི་བོད་ཀྱི་དོན་དུ་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་བའི་ཆེད་བོད་ཡིག་སྐོར་དོ་སྣང་བྱེད་རྒྱུ་དང་རིམ་པས་བོད་ཡིག་གི་སུམ་རྟགས་དེ་འདྲ་ཏོག་ཙམ་ཡར་རྒྱས་གཏོང་རྒྱུར་ཕལ་ཆེར་ཁ་ཤས་ཀྱིས་མཐོང་ཚུལ་འདུག་ལ། ཡོད་པའི་བཟོ་འདུག གཙོ་ཆེན་བོད་ཀྱི་ཁོར་ཡུག་སྐོར་ལ་ངོས་ཀྱིས་ལས་འགུལ་ Campaign བྱས་ཏེ་འགན་ཁུར་གྱི་ཡོད། དེར་བརྟེན་ཁྱེད་ཚོས་དེ་ལྟར་དོ་སྣང་བྱེད་ན་བོད་ཡིག་ལ་ཞེན་ཁོག་སླེབས་ཀྱི་རེད། བོད་ཡིག་ལ་གཞི་ནས་ངོ་མཚར་འདྲ་པོ་སྐྱེས་ཀྱི་རེད། དཔེར་ན་ངོས་ལ་ཆ་བཞག་ན། དེ་སྔ་དོ་སྣང་གང་ཡང་མེད། དེ་ནས་ཚུར་མི་མང་པོ་ཐུག་པ་དང་། ལྷག་པར་ཚན་རིག་པ་དང་ཐུག་ནས་བགྲོ་གླེང་དང་གོ་བསྡུར་བྱས་ཡོང་དུས་ང་ཚོ་ཉམ་དམའ་བོ་བྱེད་མི་དགོས་པར་སྤོབས་པ་དང་འདེང་ཚོད་ཡོང་གི་འདུག དཔལ་ནཱ་ལནྡྲའི་མཁས་པ་མང་པོས་བརྩམས་པའི་གཞུང་རྣམས་ལ་སློབ་སྦྱོང་བྱས་པར་བརྟེན་ཧ་ཅང་ཕན་ཐོགས་པོ་བྱུང་ཡོད། ངོས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། གཙོ་བོ་ལྟ་གྲུབ་རྣམ་གཞག་སྐོར་ཕྱུག་པོ་ཡོད་པ་དེ་དག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་རྒྱུ་དང་། དེ་ནས་བོད་ཀྱི་ཁོར་ཡུག་ཐོག་འགན་འཁུར་གྱི་ཡོད། ཆབ་སྲིད་ཀྱི་གནས་ཚུལ་ཆ་བཞག་པ་ཡིན་ན། རྒྱ་ནག་ལ་འགྱུར་བ་ཏན་ཏན་འགྲོ་གི་ཡོད།

རྒྱ་ནག་གཞུང་གི་རིགས་ཁ་ཤས་ཀྱིས་མཁྲེགས་པོ་བྱེད་བཞིན་ཡོད། རིགས་ཁ་ཤས་ཀྱིས་དངོས་ཡོད་གནས་ཚུལ་ཡིན་པ་ཞིག་ལ་བསམ་བློ་གཏོང་མཁན་ཡོད་པ་རེད་འདུག དེར་བརྟེན་དུས་ཀྱི་འགྱུར་འགྲོས་དང་མཉམ་དུ་དེ་སྔའི་སྲིད་བྱུས་མཁྲེགས་པོ་འདི་རང་གཞན་གཉིས་འཕུང་རེད་མ་གཏོགས་ཕན་གང་ཡང་མེད། རྒྱ་ནག་རང་ལའང་ཆ་བཞག་ན། མི་མང་ཚོ་ཡིད་ཆེས་བརླག་རྒྱུའི་བཟོ་འདྲ་ཞིག་མ་གཏོགས་བཙན་པོ་བྱས་ཏེ་ཞེད་སྣང་བསྐུལ་ནས་བསྡུས་པ་ཞིག་མ་གཏོགས་དངོས་གནང་རང་དབང་ལྡན་པའི་ཐོག་ནས་སྤྱི་མོས་བྱས་པ་གང་ཡང་མི་འདུག རྒྱལ་ཁབ་ཆེན་པོ་དེ་འདྲ་ཞིག་གིས་དེ་འདྲའི་ཐོག་ནས་ཁུངས་འཁྱོལ་རྒྱུ་ཧ་ཅང་ཁག་པོ་རེད། གང་ལྟར་འཛམ་གླིང་སྤྱི་དང་མཐུན་པ་འགྲོ་དགོས་རྒྱུ་རེད་མ་གཏོགས་དེ་འདྲའི་ཧ་ཅང་གུ་དོག་པོ་བྱས་ནས་འགྲོ་རྒྱུའི་དུས་ཚོད་ཡོལ་འགྲོ་གི་རེད། རྒྱ་ནག་ཏན་ཏན་འགྱུར་བ་འགྲོ་གི་རེད།

བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་ལ་ཆ་བཞག་ན། རྒྱུན་དུ་ཉམས་པ་མེད་པར་བསྡད་ཀྱི་འདུག མི་རབས་བརྗེ་པ་རེད། ཕྲུ་གུ་ཆུང་ངུའི་གྲས་དེ་དག་སོ་སོའི་བོད་མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་ཧ་ཅང་ཤུགས་ཆེན་པོ་འདུག བོད་ནང་གི་རྒྱ་ཆེ་མི་མང་གི་སེམས་ཤུགས་དང་། དེང་སྐབས་རྒྱ་ནག་ནང་ནང་པ་ཧ་ལམ་བཞི་བརྒྱ་ཙམ་འདུག ནང་པ་དེ་ཚོ་གྲས་ཀྱིས་བོད་ཀྱི་ནང་པའི་ཆོས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེང་སྐབས་རྡ་སར་ཧ་ལམ་བདུན་ཕྲག་རེ་རེའི་ནང་རྒྱ་ནག་ནས་ཡོང་བའི་རྒྱ་མི་བཅུ་གྲངས་འཆར་ཅན་ཡོང་བཞིན་འདུག དེ་དག་གིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ངོས་ཀྱིས་དུས་དུས་ལ་རྒྱ་རིགས་ཚོར་ནང་ཆོས་འགྲེལ་བཤད་བརྒྱབ་རྒྱུ་དེ་འདྲ་བྱེད་ཀྱི་ཡོད།

དེ་སྔ་རིག་གནས་གསར་བརྗེ་སྐབས་སུ་ཆོས་ལུགས་ཚང་མ་རྩ་མེད་བཟོ་རྒྱུའི་འབད་བརྩོན་བྱས་པ་རེད། འབད་བརྩོན་བྱས་པའི་ནུས་པ་གང་ཡང་མ་ཐོན་པར་བར་སྐབས་ནས་ཆོས་ལ་དོ་སྣང་བྱེད་མཁན་ཧ་ཅང་མང་དུ་ཕྱིན་ཏེ་ཡི་ཤུ་མང་དུ་འགྲོ་གི་འདུག ལྷག་པར་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཧ་ཅང་མང་དུ་འགྲོ་བཞིན་འདུག དེ་དག་ང་ཚོའི་མཐུན་པའི་ཕྱོགས་རེད། འཛམ་གླིང་ཕྱི་ལོག་ལ་ཆ་བཞག་ནའང་བོད་ཐོག་དོ་སྣང་བྱེད་མཁན་དང་བོད་པར་ཤ་ཚ་བྱེད་མཁན་ཤུགས་ཆེ་རུ་འགྲོ་གི་འདུག དེ་འདྲའི་གནས་སྟངས་འོག་གཙོ་ཆེ་མ་རྩ་ལྟ་བུ་བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་ཧ་ཅང་འདུག དེ་ནས་ཕྱོགས་བསྡོམས་རྒྱག་པ་ཡིན་ན། བདེན་པའི་མཐའ་ཏན་ཏན་གསལ་ཐུབ་ཀྱི་རེད། བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་བྱེད་ཐུབ། དུས་ཚོད་ག་དུས་ཡོང་མིན་བཤད་ཐུབ་ཀྱི་མ་རེད། དེར་བརྟེན་ཁྱེད་རང་ཚོ་ཚང་མ་སེམས་པ་སྐྱིད་པོ་དང་བློ་བདེ་པོ་བྱོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།