བྱ་བའི་བཟང་ངན་མིའི་ཀུན་སློང་ལ་རགས་ལུས་ཡོད།

 པར་འདེབས།

༢༠༡༦།༠༩།༡༥ཉིན་སྤེལ། བྱ་བ་གང་འདྲ་ཞིག་བརྩམ་ཡང་གཙོ་ཆེ་ཤོས་མི་དེའི་ཀུན་སློང་ལ་རགས་ལུས་ཡོད་པས་ནམ་ཞག་རྒྱུན་དུ་ཀུན་སློང་བཟང་པོ་ཞིག་ཁྱེར་དགོས་སྐོར་སོགས་ཀྱི་བཀའ་ལན་སྩལ་ཡོད་འདུག

altའདི་ཟླའི་ཕྱི་ཚེས་ ༡༢ ཉིན་གྱི་༧གོང་ས་མཆོག་སྦར་སེལ་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མ་ནི་་ཕྱོགས་འདྲ་མིན་ནས་ཡིན་པའི་གཞོན་སྐྱེས་འཛིན་སྐྱོང་གཙོ་འཛིན་པ་ཁག་གཅིག་ལས་གྲུབ་པའི་ན་གཞོན་འགོ་ཁྲིད་ཚོགས་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་དང་བཀའ་སློབ་སྩལ་ཡོད།

སྐབས་དེར་ཁོང་ཚོས་༸གོང་ས་མཆོག་ལ་ཚོང་ལས་གཉེར་སྐབས་མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་དེ་ཉིད་ལག་བསྟར་ཇི་ལྟར་བྱ་དགོས་པའི་ཐོག་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་བྱ་བ་གང་འདྲ་ཞིག་བརྩམ་ཡང་གཙོ་ཆེ་ཤོས་མི་དེའི་ཀུན་སློང་ལ་རགས་ལུས་ཡོད་པས་ནམ་ཞག་རྒྱུན་དུ་ཀུན་སློང་བཟང་པོ་ཞིག་ཁྱེར་དགོས་སྐོར་སོགས་ཀྱི་བཀའ་ལན་སྩལ་ཡོད་པ་མ་ཟད། དེ་བཞིན་འཕྲུལ་ཆས་བཀོལ་སྤྱོད་དང་། དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་དྲི་བར་ཡང་བཀའ་ལན་སྩལ་ཡོད་འདུག

དེ་རྗེས་སྦར་སེལ་གྱི་ལྷོ་ཤར་ཁུལ་དུ་རྟེན་གཞི་བྱས་པའི་ University of Louvain ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་མ་ཆིག་སྟོང་འདུ་འཛོམས་ཀྱི་དབུས་སུ་སྦེལ་ཇམ་ཁུལ་གྱི་ཆོས་ལུགས་འདྲ་མིན་གྱི་མི་སྣ་གྲགས་ཅན་ཁག་གཅིག་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད།

སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་དང་། ཕྱི་ལོ་ ༡༩༧༣ ལོར་ཐོག་མར་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐོར་ངོ་སྤྲོད་མཛད་པ་དང་སྦྲགས། ང་ཚོ་ཚང་མས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་དང་། ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་རྟེན་ནས་འཚོ་བཞིན་ཡོད་པ་དང་། ད་ཆ་ང་ཚོ་ཚང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གཅིག་མཚུངས་འཕྲད་བཞིན་ཡོད་སྐོར། དེ་བཞིན་༸གོང་ས་མཆོག་གིས་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་པ་དང་། ད་ལྟ་ཡོད་བཞིན་པའི་ཤེས་ཡོན་གྱི་ལམ་ལུགས་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་གཙོ་བཟུང་བྱེད་བཞིན་ཡོད་པར་བརྟེན། དེས་བྱམས་བརྩེ་གོང་མཐོར་གཏོང་རྒྱུར་དེ་ཙམ་ཕན་ཐོགས་ཐུབ་ཀྱི་མེད་སྐོར། ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་བརྩེ་བའི་བསླབ་བྱ་གཅིག་མཚུངས་གསུང་བཞིན་ཡོད་སྟབས། ཁ་ཆེ་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་མཁན་ཚོ་ཁ་ཆེའི་ཆོས་པ་ཡང་དག་པ་ཞིག་མིན། འོན་ཀྱང་ང་ཚོས་ཁ་ཆེ་དྲག་སྤྱོད་པའམ་ཡང་ན་ནང་པའི་དྲག་སྤྱོད་པ་ཞེས་འབོད་ན་ནོར་འཁྲུལ་ཡིན་སྐོར་སོགས་བཀའ་སློབ་སྩལ་ཡོད་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།