ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་ཀྱི་གནད་དོན་ནི་ཆབ་སྲིད་ཁོ་ན་དང་འབྲེལ་བ་ཞིག་གཏན་ནས་མིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༠༩ཉིན་སྤེལ། བོད་ཀྱི་གནད་དོན་འདི་ནི་ཆབ་སྲིད་ཁོ་ན་དང་འབྲེལ་བ་ཡོད་པ་ཞིག་གཏན་ནས་མིན་ཞིང་། དེང་སྐབས་དུས་རབས་ཉེར་གཅིག་པ་དང་འཚམས་པར་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ་ལྡན་པ་ཞིག་ཡོང་སླད་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་མི་ཉམས་རྒྱུན་འཛིན་གནང་རྒྱུ་ཤིན་ཏུ་ཆེ་ཞེས་༧གོང་ས་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བསྐྱང་གནང་འདུག

Tibet-his holeness-2016འདི་ཟླའི་ཕྱི་ཚེས་༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེལ་འཇམ་གྱི་རྒྱལ་ས་སྦར་སིལ་ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང་ཆབས་ཅིག ཚོགས་ཆེན་དུ་བཅར་བའི་རྒྱ་རིགས་གཙོ་བོར་གྱུར་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ད་བར་བོད་དོན་ཐོག་དོན་དམ་གྱི་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་པར་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་གནང་ཡོད་འདུག

ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཐོའོ་མཱ་སུ་མཱན་Thomas Mannམཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སོགས་སྐུ་མགྲོན་དུ་ཕེབས་ཡོད་པ་རེད།
དེ་ཡང་དེ་རིང་ས་གནས་ཀྱི་སྔ་དྲོ་ཕྱག་ཚོད་ ༡༠ པའི་སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད་ཅིང་།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་བོད་དོན་རྒྱབ་སྐྱོར་བ་བརྒྱ་སྐོར་ཡས་མས་ཙམ་ཞིག་ལ་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་སྟེ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས་དང་། འཛམ་གླིང་གི་ཆོས་ལུགས་དབར་མཐུན་སྒྲིལ། དེ་བཞིན་མགོན་པོ་གང་ཉིད་བོད་མི་གཅིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུའི་སྐོར་ལ་བཀའ་སྩལ་གནང་འདུག་པར་མ་ཟད། ལྷག་པར་དུ་མགོན་པོ་གང་ཉིད་ཀྱིས་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་བདམས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་གསོལ་བསྩལ་གནང་བ་དང་། དེ་བཞིན་བོད་མིའི་མང་གཙོའི་འགྱུར་འགྲོས་དང་འཕེལ་རིམ་སོགས་ཀྱི་སྐོར་ལ་བཀའ་སློབ་སྩལ་འདུག

མགོན་པོ་གང་ཉིད་མཆོག་གིས་ཚོགས་ཆེན་ཐོག་བཅར་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མགོན་པོ་གང་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་དགོངས་པ་བཞེས་ནས་གང་ཐུབ་ཀྱིས་ལག་ལེན་ཐོག་འཁྱོལ་རྒྱུར་འབད་བརྩོན་གནང་དགོས་པའི་འབོད་སྐུལ་གནང་བ་དང་། ལྷག་དོན་ཚོགས་མི་རྣམས་ནས་བོད་ཀྱི་གནད་དོན་ངོ་མ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་ཤིན་ཏུ་གལ་གནད་ཆེ་སྐོར་བཀའ་ཕེབས་པ་དང་སྦྲགས། བོད་ཀྱི་གནད་དོན་འདི་ནི་ཆབ་སྲིད་ཁོ་ན་དང་འབྲེལ་བ་ཡོད་པ་ཞིག་གཏན་ནས་མིན་ཞིང་། དེང་སྐབས་དུས་རབས་ཉེར་གཅིག་པ་དང་འཚམས་པར་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ་ལྡན་པ་ཞིག་ཡོང་སླད་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་མི་ཉམས་རྒྱུན་འཛིན་གནང་རྒྱུ་ཤིན་ཏུ་གལ་འགངས་ཆེར་གཟིགས་གནང་གི་ཡོད་སྐོར་ལམ་སྟོན་མཛད་འདུག
ཁྱད་པར་དུ་༸གོང་ས་མཆོག་གིས་སྐབས་དེར་བཅར་བའི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། དོན་དམ་གྱི་བོད་རྒྱའི་དཀའ་ངལ་སེལ་བ་ལ་རྒྱ་རིགས་ཚོས་རྒྱབ་སྐྱོར་གནང་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་སྟབས། ཧན་རྒྱ་རིགས་ཆོས་གྲོགས་རྣམས་ཀྱིས་རྒྱ་མི་ཤེས་ཡོན་ཅན་སོགས་གཞན་ལ་བོད་ཀྱི་གནད་དོན་ངོ་མའི་སྐོར་གསུངས་རོགས་ཞེས་དང་། བོད་མིའི་གཉིས་སྨན་དབུ་མའི་ལམ་ནི་ཕྱོགས་གཅིག་གི་རྒྱལ་ཁའི་རང་བཞིན་མིན་སྟབས། རྒྱ་བོད་གཉིས་ཀར་ཕན་ཐོགས་ཡོད་པས་དེར་རྒྱ་རིགས་མང་པོ་ཞིག་གིས་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་པེ་ཅིན་ནས་ནམ་ཡིན་ལ་ཆིག་སྒྲིལ་དང་བརྟན་ལྷིང་སྐོར་ཤོད་བཞིན་ཡོད་ཀྱང། བརྟན་ལྷིང་གི་གཞི་རྩ་ཡིད་ཆེས་སྐྲུན་རྒྱུ་ལས་ལྡོག་སྟེ་ཁོང་ཚོའི་ད་ལྟའི་སྲིད་བྱུས་འདི་ནི་འཇིགས་སྣང་སྐྱེ་གཞི་ཞིག་ཆགས་ཡོད་སྟབས། འཇིགས་སྣང་གི་འོག་ནས་བརྟན་ལྷིང་ནམ་ཡང་ཡོང་ཐབས་མེད་སྐོར་བཀའ་ནན་མཛད་འདུག

གཞི་རྩའི་ཡོ་རོབ་རྒྱལ་ཁབ་སྦེལ་འཇམ་གྱི་རྒྱལ་ས་སྦར་སིལ་ནང་དུ་དེ་རིང་ནས་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་བཞིན་ཚེས་ ༡༠ བར་ཉིན་གྲངས་གསུམ་རིང་འཚོགས་ཀྱི་ཡོད་པ་དང་། ཐེངས་འདིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་དེའི་སྐབས་ཡུལ་གྲུ་ཁག་ ༥༠ ཙམ་ནས་ཚོགས་བཅར་བ་མི་གྲངས་ ༢༥༠ ཙམ་བཅར་འདུག་ཅིང་། དེའི་ཁོངས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཁྲིམས་རྩོད་པ་མིག་ལོང་བ་ཅན་སྐུ་ཞབས་ཁྲིན་ཀོང་ཁྲན་སོགས་རྒྱ་རིགས་ ༢༩ ཙམ་ཡང་ཡོད་འདུག ད་དུང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆར་ཌི་གྷིར་ཡང་ཆེད་ཕེབས་གནང་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།