ཞི་བའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༩།༩ཉིན་སྤེལ། དེ་རིང་འདིར་ང་ཚོའི་གྲོགས་པོ་རྙིང་པ་དང་གསར་པ་མང་པོ་ཞིག་མཉམ་དུ་འཛོམས་པ་འདིས་བོད་མིར་གདུང་སེམས་མཉམ་སྐྱེ་དང་བོད་ཀྱི་རྩ་་དོན་ཆེད་རེ་བ་སླར་གསོ་བྱུང་བའི་ཚོར་སྣང་ཞིག་བྱུང་སོང་ཞེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་འདུག

Screen-Shot-2016-09-08-at-5.30.55-pmའདི་ཟླའི་ཕྱི་ཚེས་༨ནས་༡༠བར་དུ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ཚོགས་པར་གཏན་འཁེལ་བྱུང་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་གྱི་དགོང་མོ་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་ཚོགས་བཅར་བ་ཡོངས་ལ་ཕེབས་བསུའི་གསོལ་སྟོན་ཞིག་གོ་སྒྲིག་གནང་འདུག སྐབས་དེར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་དང་། བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ ༥༠ ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༢༥༠ བཅས་མཉམ་འཛོམས་ཐོག་གསུང་བཤད་གནང་དོན། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྣམ་པ་ཚོ་ཚང་མར་འཚམས་འདྲི་ཞུ་བ་དང་ཆབས་ཅིག་བོད་མིའི་ཞི་བའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངེད་རང་ཡང་དེ་རིང་ཉིན་གུང་འདིར་འབྱོར་བ་ཡིན། དེ་རིང་འདིར་ང་ཚོའི་གྲོགས་པོ་རྙིང་པ་དང་གསར་པ་མང་པོ་ཞིག་མཉམ་དུ་འཛོམས་པ་འདིས་བོད་མིར་གདུང་སེམས་མཉམ་སྐྱེ་དང་བོད་ཀྱི་རྩ་་དོན་ཆེད་རེ་བ་སླར་གསོ་བྱུང་བའི་ཚོར་སྣང་ཞིག་བྱུང་།

ང་ཚོ་འདིར་ཉིན་ཤས་རིང་མཉམ་འཛོམས་ཐོག་གྲོས་བསྡུར་གྱིས་ཐབས་བྱུས་གཏན་འབེབས་བྱུང་བ་དེས་བོད་དོན་ལས་འགུལ་ཆེད་ནུས་ཤུགས་སྔར་ལྷག་ཡོང་ངེས་ཡིན། དེ་བཞིན་ཚོགས་འདུ་འདི་བརྒྱུད་རྒྱ་ནག་གཞུང་ལ་བོད་མི་རྣམས་ཁེར་རྐྱང་མིན་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་དགོས་པའི་བརྡ་ལན་ཤུགས་ཆེ་ཞིག་སྤྲད་བཞིན་ཡོད། ང་ཚོ་བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཀ་ཙམ་ལས་མེད་ཀྱང་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་དང་དྲིལ་བསྒྲགས་ཤུགས་ཆེ་ཐོབ་བཞིན་པ་དེ་ཁྱེད་རྣམ་པ་ལྟ་བུའི་བོད་དོན་ཐོག་རྒྱབ་སྐྱོར་བས་སྐུ་ལས་སྐྱོན་པར་བརྟེན་ཡིན། བོད་དོན་ཆེད་རྒྱབ་སྐྱོར་གནང་རྒྱུ་ནི་ལས་སླ་པོ་ཞིག་མིན། གང་ལ་ཞེ་ན། ཁྱེད་རྣམ་པར་དཔལ་འབྱོར་གྱི་ཁེ་ཕན་གང་ཡང་མེད་པར་དྭང་བླངས་ཐོག་ལས་འགུལ་རིགས་སྤེལ་དགོས་ཀྱི་ཡོད་པ་མ་ཟད་སྐབས་རེ་དོ་བདག་སྒེར་གྱི་ངོས་ནས་འགྲོ་གྲོན་གཏང་དགོས་ཐུག་གི་ཡོད།

བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལོ་ན་བགྲེས་སོང་ཆགས་ཟིན་ནའང་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད་པར་བརྟེན། ང་ཚོས་ཁྱེད་རྣམ་པའི་ཆོད་སེམས་བརྟན་པོར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་དང་དུས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ནམ་ཞིག་བདེན་པར་རྒྱལ་ཁ་ཐོབ་སྟེ་བོད་ནང་རང་དབང་སླར་གསོ་བྱུང་ཚེ་ང་ཚོ་མཉམ་དུ་ལྷ་སར་ཕྱིན་ཏེ་བར་སྐོར་ལ་མོག་མོག་གི་རོ་བཅུད་མཉམ་དུ་རོལ་ཏེ་ཆང་གཞས་མཉམ་དུ་འཁྲབ་རྒྱུ་ཡིན། ཞེས་སོགས་གསུངས་ཡོད། གསོལ་སྟོན་སྐབས་ས་གནས་བོད་རིགས་ཚོགས་པས་རིག་གཞུང་འཁྲབ་སྟོན་ཡང་ཞུས་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།