འགོ་ཁྲིད་དབུ་ཚོགས་ཁྲོད་དུ་ཞིས་ཀྱི་ཤོབ་གཏམ་གཅིག་པུ་ལྷག་དོན་ཅི།

 པར་འདེབས།

༢༠༡༦།༠༩།༠༩ཉིན་སྤེལ། རྒྱ་ནག་གི་གསར་འགྱུར་དྲ་བ་དག་དུ་ཞིས་ཀྱི་གཏམ་བཤད་དང་སྐོང་ཚོགས་འདིར་བསྟོད་པ་བྱས་པའི་སྐད་ཆ་འགའ་མ་གཏོགས་བཀོད་མེད་པའི་གནད་དོན་ནི། གསར་འགྱུར་བརྒྱུད་ལམ་ཁག་ནི་གཞུང་འབྲེལ་ཅན་དུ་གྱུར་ཡོད་པ་དང་དེར་ཡང་ཞིས་ཀྱི་གཏམ་བཤད་གཙོར་འདོན་བྱེད་དགོས་པ་ཞིག་རེད།

ཟླ་འདི་ཕྱི་ཚེས་༠༤ནས་༠༥བར་དུ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཅིག་པ་ཧང་ཀྲོའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་སྟེ། རྒྱ་ནག་གི་གཙོ་བདག་ཞིས་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་བྱས་ཡོད་འདུག

altཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར་དྲ་བར་འཁོད་པའི་ཞིས་ཀྱི་གཏམ་བཤད་ནར་མར་ཡིག་ཕབ་བཏང་བ་ལས་བཏུས་པ། འགོ་ཚུགས་ཤིས་ཚིག་ནང་དུ་མིག་སྔའི་འཛམ་གླིང་དཔལ་འབྱོར་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་ཐད་བསམ་ཚུལ་ལྔ་བསྟན་ཡོད་པ་ནི།
དང་པོ། ང་ཚོས་ངེས་པར་དུ་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་དངུལ་རྩ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་པ་དང་།
གཉིས་པ། ང་ཚོས་ངེས་པར་དུ་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཏེ་འཕར་ནུས་སྔོག་འདོན་བྱེད་དགོས་པ་དང་། སྲིད་ཇུས་ཀྱི་བསམ་ཕྱོགས་ལེགས་སྒྲིག་བྱས་ཏེ་དུས་ཐུང་སྲིད་ཇུས་དང་དུས་ཡུན་རིང་འབྲིང་གི་སྲིད་ཇུས་གལ་ཆེ་མཉམ་དུ་འཛིན་པ་དང་། མཁོ་མཁན་ཕྱོགས་ཀྱི་དོ་དམ་དང་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་གལ་ཆེ་མཉམ་དུ་འཛིན་དགོས་པ།
གསུམ་པ། ང་ཚོས་ངེས་པར་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་ལམ་སྲོལ་འགན་ལེན་བརྟན་དུ་གཏོང་དགོས་པ་དང་། རྒྱལ་སྤྱིའི་དངུལ་ལོར་དངུལ་རྩའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་བཅོས་སྐྱོང་གྲུབ་ཆ་ལེགས་སུ་གཏོང་བ། གོ་ལ་ཧྲིལ་པོའི་དངུལ་རྩའི་བདེ་འཇགས་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འཛམ་གླིང་དཔལ་འབྱོར་ཉམས་ཉེན་འགོག་ནུས་ཆེ་རུ་གཏོང་དགོས་པ།
བཞི་པ། ང་ཚོས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱས་ནས་ཉོ་ཚོང་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། སྲུང་སྐྱོབ་རིང་ལུགས་གསར་པའི་བྱ་ཐབས་མི་སྤྱོད་པའི་ཁས་ལེན་དམ་སྲུང་བྱས་ཏེ་མ་འཇོག་སྲིད་ཇུས་ཐད་མཐུན་སྦྱོར་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་བྱ་སྤྱོད་ཏན་ཏིག་སྤྱད་དེ་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ།
ལྔ་པ། ང་ཚོས་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ནས་ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འདི་ལོ་ང་ཚོས་འཕེལ་རྒྱས་དེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་རིམ་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། 2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཧུར་ཐག་བྱ་རྒྱུ་ཐུན་མོང་ཐོག་ཁས་ལེན་བྱས་ཐོག་བྱ་སྤྱོད་འཆར་གཞིའང་བཟོས་ཡོད། ང་ཚོས་ད་དུང་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱེད་པ་སོགས་བརྒྱུད་གོ་ལ་ཧྲིལ་པོའི་འཕེལ་རྒྱས་འདྲ་མཉམ་མེད་པ་དང་དོ་མི་སྙོམས་པ་ཉུང་དུ་བཏང་སྟེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་བཅས་ཡིན་པར་བཤད་འདུག

ཕྱི་ཚེས་3ཉིན། ཞིས་ཅིན་ཕིང་གིས་《ཀྲུང་གོའི་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པ། གོ་ལ་ཧྲིལ་པོའི་བརྟན་འཕར་གྱི་འཆར་གཞི་གསར་པ་》ཞེས་བསམ་ཚུལ་བརྗོད་པའི་ནང་དུ་འཁོད་དོན། ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་38ཀྱི་རླབས་ཆེན་འཕེལ་རིམ་ནི་མདུན་སྐྱོད་ཁ་ཕྱོགས་འཚོལ་ཞིབ་བྱས་པའི་འཕེལ་རིམ་ཞིག་དང་། དངོས་འཛིན་དངོས་སྒྲུབ་ཀྱི་འཕེལ་རིམ་ཞིག ཐུན་མོང་འབྱོར་ཕྱུག་གི་འཕེལ་རིམ་ཞིག ཀྲུང་གོ་འདི་ཉིད་འཛམ་གླིང་ཕྱོགས་སུ་སྐྱོད་པ་དང་འཛམ་གླིང་ཀྲུང་གོའི་ཕྱོགས་སུ་སྐྱོད་པའི་འཕེལ་རིམ་ཞིག་བཅས་རེད་ཅེས་དང་།
གཞན་ཡང་།  བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་དབྱེ་རྒྱ་ཆེར་བཏང་ནས་གཉིས་ཁེ་གཉིས་ཕན་དེ་བས་ཆེ་བ་ཐོབ་པ་བྱ་རྒྱུ་བཅས་བཤད་འདུག

དེ་མིན། སྐབས་འདིའི་ཚོགས་འདུའི་ཐོག་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་ཚོར་འཕྲལ་དུ་བྱ་སྤྱོད་སྤེལ་རྒྱུའི་འབོད་སྐུལ་འབོད་སྐུལ་དོན་ཚན་གསུམ་བཤད་དོན། གཅིག  མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་བའི་བཅའ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་གླེང་མོལ་དང་གྲོས་མོལ་བརྒྱུད་མི་མཐུན་པ་དང་རྩོད་གླེང་ཐག་གཅོད་བྱས་ནས་སྔར་བས་གཞུང་དྲང་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།
གཉིས།  རྒྱལ་ཁབ་མི་འདྲ་བ་དང་། རིག་གནས་མི་འདྲ་བ། ལོ་རྒྱུས་མི་འདྲ་བ་བཅས་ཀྱི་རྒྱབ་ལྗོངས་འོག་གི་མི་རྣམས་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་བསྐྲུན་དགོས་པ།
གསུམ། ཐུན་མོང་ཐོག་ཁོང་ཡངས་མཉམ་འགུལ་གྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བཅོས་སྐྱོང་རྣམ་པ་འཛུགས་སྐྱོང་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་དེ་དམིགས་ཚད་དུ་བྱས་ནས་ཐུན་མོང་ཐོག་མིའི་རིགས་ལ་ཕན་བདེ་ཆེ་རུ་གཏོང་དགོས་པ་བཅས་བཤད་འདུག

ཕྱི་ཚེས་5ཉིན་ཞིས་ཅིན་ཕིང་གིས་ཚོགས་འདུ་མཇུག་འགྲིལ་བའི་གཏམ་བཤད་དུ།
དང་པོ། ང་ཚོས་འཛམ་གླིང་དཔལ་འབྱོར་ལ་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་འཆར་འགོད་བྱ་རྒྱུའི་ཆོད་སེམས་བཅངས་ཡོད། མིག་སྔའི་འཛམ་གླིང་དཔལ་འབྱོར་གྱི་ཉེན་ཁ་དང་འགྲན་སློང་མདུན་དུ་ང་ཚོས་མུ་མཐུད་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱར་བ་གྲུ་འདེགས་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླའི་སྙིང་སྟོབས་དར་སྤེལ་གཏོང་བ། ཐུན་མོང་ངོས་འཛིན་གཅིག་འགྲིལ་གྱིས་འགྲིལ་ཤུགས་ཆགས་པ་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་སྟངས་ཤུགས་ཆེ་བ་དང་། རྒྱུན་མཐུད་ཆོག་པ། དོ་སྙོམས། ཁོང་ཡངས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བྱ་ཐབས་བཏོན་ཏེ་ནོར་སྲིད་དང་། དངུལ་ལོར། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་སོགས་སྲིད་ཇུས་བྱ་ཐབས་ནུས་ལྡན་བེད་སྤྱད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་བརྡ་རྟགས་བརྒྱུད་སྤྲོད་བྱེད་དགོས།
གཉིས་པ། ང་ཚོས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཏེ་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་ཆོད་སེམས་བཅངས་ཡོད། ང་ཚོས་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འཕེལ་རྒྱས་གསར་གཏོད་འཆར་གཞིར་》གཅིག་གྱུར་ཐོག་གྲོས་འཆམ་བྱས་པ་དང་ཚན་རྩལ་གསར་གཏོད་ལྟེ་བར་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་དང་། སྒྲིག་སྲོལ་ལམ་སྲོལ། ཚོང་ལས་དཔེ་དབྱིབས་སོགས་ཕྱོགས་ཚང་མ་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་བ་བཅས་ཀྱི་གསར་གཏོད་ལ་སྐུལ་ཁྲིད་བྱས་ནས་གསར་གཏོད་གྲུབ་འབྲས་སྤེལ་རེས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ཐབས་ལམ་གསར་པ་བཏོད་ཐོག ཕྱོགས་ཡོངས་ནས་འཛམ་གླིང་དཔལ་འབྱོར་དུས་ཡུན་འབྲིང་རིང་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་སེམས་ཐག་བཅད་ཡོད།
གསུམ་པ། ང་ཚོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངུལ་རྩ་བཅོས་སྒྲིག་བྱས་ཏེ་འཛམ་གླིང་དཔལ་འབྱོར་གྱི་ཉམས་ཉེན་འགོག་ནུས་ཆེ་རུ་གཏོང་རྒྱུའི་ཆོད་སེམས་བཅངས་ཡོད། ང་ཚོས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་སྐལ་གྲངས་དང་བཅོས་སྒྲིག་གྲུབ་ཆ་སྒྱུར་བཅོས་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། དངུལ་རྩའི་སྒྱུར་བཅོས་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་ར་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་ཡོད། ང་ཚོས་ནུས་རྒྱུའི་ཡོངས་ཁྱབ་རང་བཞིན་དང་། བསྐྱར་སྐྱེའི་ནུས་རྒྱུ། ནུས་རྒྱུའི་ཕན་འབྲས་བཅས་ཀྱི་བྱ་སྤྱོད་འཆར་གཞི་བཟོས་པ་དང་རུལ་སུངས་ལ་ངོ་རྒོལ་གྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་དེ་བས་མང་བ་བྱུང་ཡོད།
བཞི་པ། ང་ཚོས་རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་གི་སྒུལ་ཤུགས་ཆེ་ཁག་གཉིས་ཀྱི་ནུས་པ་བསྐྱར་གསོ་བྱས་ཏེ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུའི་ཆོད་སེམས་བཅངས་ཡོད། ང་ཚོས་ཐུན་མོང་ཐོག་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་གོ་ལ་ཧྲིལ་པོའི་ཚོང་དོན་འཕེལ་རྒྱས་འཐབ་ཇུས་》དང་གོ་ལ་ཧྲིལ་པོའི་ཕྱོགས་མང་མ་འཇོག་གི་སྒྲིག་ལམ་སྒྲོམ་གཞི་ཐོག་མ་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་གོ་ལ་ཧྲིལ་པོའི་མ་འཇོག་མཛུབ་ཁྲིད་རྩ་དོན་》བཟོས་ཡོད། མུ་མཐུད་ཕྱོགས་མང་གི་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ཏེ་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དམ་བཅའ་བསྐྱར་བསྒྲགས་བྱས་ཡོད། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་སྟོབས་ཆེའི་སྐུལ་འདེད་འོག་འཛམ་གླིང་དཔལ་འབྱོར་ལ་བསྐྱར་དུ་གསོན་ཤུགས་གསར་པ་མངོན་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ལྔ་པ། ང་ཚོས་ཁོང་ཡངས་དང་མཉམ་འགུལ་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཉམ་ལས་གྲུབ་འབྲས་ལས་གོ་ལ་ཧྲིལ་པོར་ཕན་པ་ཐོབ་པ་བྱ་རྒྱུའི་ཆོད་སེམས་བཅངས་ཡོད། ང་ཚོས་འཕེལ་རྒྱས་གནད་དོན་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་སྒྲོམ་གཞིའི་མངོན་གསལ་དོད་པའི་གནས་བབ་ཐོག་ཐེངས་དང་པོ་བཞག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་ཐད་བྱ་སྤྱོད་འཆར་གཞི་ཐེངས་དང་པོ་བཟོས་པ། 《ཕ་རི་སིའི་གྲོས་ཆོད་》སྔ་ཙམ་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱས་པ། 《རྒྱལ་ཁབ་ཉི་ཤུ་ཚོགས་པས་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་》དང་《གོ་ལ་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་མནའ་འབྲེལ་གྱི་གྲོས་གཞི་》བཏོན་པ་བཅས་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་རྒྱུ་དང་མིའི་རིགས་ཡོངས་ཐུན་མོང་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་པར་བཤད་འདུག

གསར་འགོད་པ། ཆོས་ཉིད་ཕྱོགས་བཏུས་ཉུང་འཕྲི་བྱས་པ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།