༸གོང་ས་མཆོག་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་བསྐྱངས་པ།

 པར་འདེབས།

༢༠༡༦།༩།༩ཉིན་སྤེལ། འདི་ཟླའི་ཕྱི་ཚེས་༠༦ཉིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞུགས་སྒར་ཕོ་བྲང་ནས་ཡུ་རོབ་ཡུལ་གྲུ་སྦེལ་ཇམ་དང་ཕ་རན་སི། པོ་ལེན་ཌི་བཅས་སུ་མཛད་འཕྲིན་རྒྱ་ཆེ་བསྐྱང་ཆེད་ཆིབས་སྒྱུར་བསྐྱངས་གནང་མཛད།  

སྐབས་དེར་ངྷ་སར་གནས་བཞུགས་རང་རིགས་སེར་སྐྱ་མི་མང་དང་གཞན་རིགས་བཅས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ནས་ཕེབས་སྐྱེལ་ཞུས་ཡོད་འདུག

དེ་ཡང་མཛད་འཆར་ལྟར་ན།   ༸གོང་ས་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༩ ནས་ ༡༡ བར་སྦེལ་ཇམ་གྱི་རྒྱལ་ས་ Brussels སྦར་སེལ་གྱི་བྷོ་ཛར་སྒྱུ་རྩལ་བསྟི་གནས་ཁང་དུ་ Bozar Center for Fine Art  ཡུ་རོབ་སེམས་དང་སྲོག་གི་ཚོགས་པའི་གོ་སྒྲིག་འོག་ཉིན་གྲངས་གཉིས་དང་ཕྱེད་ཀའི་རིང་ཚན་རིག་དང་དཔལ་འབྱོར། ཆོས་ལུགས་བཅས་ཀྱི་ཁྱད་ལས་མི་སྣ་དང་ལྷན།  ནུས་པ་དང་གཅེས་སྐྱོང་། ཞེས་པའི་བརྗོད་གཞིའི་ཐོག་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་དང་།

ཕྱི་ཚེས་ ༡༡ ཉིན་གྱི་ཕྱེད་ཡོལ་ཏུ་ཡུ་རོབ་སེམས་དང་སྲོག་གི་ཚོགས་པའི་གོ་སྒྲིག་འོག   Individual Engagement and Global Responsibility ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ།

ཕྱི་ཚེས་ ༡༢ ཉིན་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སྦེལ་ཇམ་ཁུལ་གྱི་ཆོས་ལུགས་ཀྱི་མི་སྣ་གྲགས་ཅན་ཁག་གཅིག་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་ཤིག་ཀྱང་གནང་རྒྱུ་ཡིན་འདུག།

ཕ་རན་སའི་སི་ཊར་སི་སྦག་  Strasbourg གྲོང་ཁྱེར་དུ་བོད་ཀྱི་ནང་ཆོས་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཚེས་ ༡༧ ཉིན་༸གོངས་མཆོག་གིས་ཁུལ་དེར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་སྩལ་རྗེས།   ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་མ་ཟད།  ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་ Ethics Beyond Religion ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གཏན་འཁེལ་འདུག   །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།