བོད་རིགས་ཕོ་མོ་གཉིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པ།

 པར་འདེབས།

༢༠༡༦།༠༨།༢༢ཉིན་སྤེལ། རྒྱ་ནག་གི་རྩེད་འགྲན་པའི་མིང་ཐོག་ནས་བོད་རིགས་ཕོ་མོ་གཉིས་ད་ལོའི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པ་ལས། སྟོབས་རྒྱལ་ལགས་ནི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་བོད་རིགས་སྐྱེས་པ་ཐོག་པ་ཡིན་པ་དང་། ཆོས་དབྱངས་སྐྱིད་ལགས་ནི་བོད་རིགས་བུད་མེད་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པ་གཉིས་པ་ཆགས་ཡོད་འདུག

altདེ་ཡང་ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ནང་དུ། ཨོ་རྩལ་འགྲན་ཚོགས་སྐབས་༣༡འཚོགས་ཏེ། སྐབས་འདིའི་ཨོ་རྩལ་འགྲན་ཚོགས་སུ་རྒྱ་ནག་གི་རྩེད་འགྲན་རུ་ཁག་གི་མིང་ཐོག་ནས་བོད་རིགས་ཕོ་མོ་གཉིས་འཛུལ་ཞུགས་བྱས་ཡོད་པ་དང་། ཁོ་གཉིས་ཀྱི་མིང་ལ་སྟོབས་རྒྱལ་དང་ཆོས་དབྱངས་སྐྱིད་ཟེར་ཞིང་། དེ་སྔོན་ ༢༠༡༢ ལོའི་དབྱིན་ཇུ་ལོན་ཌོན་ཨོ་རྩེད་སྐྱེས་མའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཐོག་མ་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་སུ་ཨང་གསུམ་པ་ཐོབ་པར་ངོས་འཛིན་གྱིས་ཟངས་ཀྱི་རྟགས་མ་སྤྲད་ཡོད་ཀྱང་། སྐབས་དེར་ཨང་གཉིས་པ་འཐོབ་མཁན་ར་ཤི་ཡའི་བུ་མོ་(Kaniskina)ཞུ་བ་དེས་སྨན་རྫས་བེད་སྤྱོད་བཏང་ཡོད་པའི་རྙོག་གླེང་བྱུང་སྟེ། རྗེས་ལ་ཆོས་དབྱངས་སྐྱིད་བསྐྱར་དུ་ཨང་གཉིས་པར་ངོས་འཛིན་བྱུང་ཡོད་པ་རེད།

ད་ལོའི་ཨོ་རྩལ་འགྲན་ཚོགས་སུ་སྟོབས་རྒྱལ་ལགས་ནི་འགྲན་ཞུགས་པ་ ༡༤༠ ཙམ་ཡོད་པ་དང་། རྨིད་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད། རྒྱ་ནག་གི་རྩེད་འགྲན་རུ་ཁག་གི་མིང་ཐོག་ནས་མཉམ་ཞུགས་གནང་ཡོད་པའི་བོད་པའི་ཕོ་གསར་སྟོབས་རྒྱལ་ལགས་ཨང་ ༩༡ པ་ཆགས་ཡོད་པ་རེད།

ཆོས་དབྱངས་སྐྱིད་ལགས་ནི་འགྲན་ཞུགས་གནང་མཁན་ ༦༣ ཡོད་པ་དང་། སྤྱི་ལེ་༢༠ ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད། རྒྱ་ནག་གི་རྩེད་འགྲན་རུ་ཁག་གི་མིང་ཐོག་ནས་མཉམ་ཞུགས་གནང་ཡོད་པའི་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་ཨང་ལྔ་པ་ཆགས་ཡོད་པ་རེད།

སྟོབས་རྒྱལ་ལགས་ནི། ༡༩༩༤ ལོའི་ཟླ་ ༢ པའི་ཚེས་ ༡༦ ཉིན་ལྷ་ས་སྟག་རྩེ་རྫོང་དར་རྒྱས་ཤིང་དུ་སྐྱེས་ཤིང་། ༢༠༠༩ ལོ་ནས་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་རྒྱུག་ཤར་སྦྱོང་བརྡར་ནང་ཞུགས་ཏེ་ ༢༠༡༡ ལོར་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་རྒྱུག་ཤར་འགྲན་བསྡུར་ཁྲོད་གྲུབ་འབྲས་ཆེན་པོ་བླངས་པ་དང་། ༢༠༡༤ ལོར་ལྷོ་ཀོ་རི་ཡར་ཚོགས་པའི་ཨེ་ཤ་ཡའི་རྩེད་འགྲན་སྟེང་རྨིད་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་ ༡༢ པ་དང་། ༢༠༡༥ ལོར་རྒྱ་ནག་ཨིའུ་ཧྭན་དུ་ཚོགས་པའི་ཨེ་ཤ་ཡའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་ ༥ པ་བཅས་ཐོབ་སྟེ། ད་སྔ་ཁྱོན་རྒྱ་ནག་ནང་ཁུལ་དང་ཕྱི་ལོགས་བཅས་ནས་གསེར་གྱི་རྟགས་མ་ ༨ དང་། དངུལ་གྱི་རྟགས་མ་ ༢ ། ཟངས་ཀྱི་རྟགས་མ་ ༥ ཐོབ་ཡོད་འདུག

བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ནི། ཕྱི་ལོ་༡༩༩༠ ཟླ་༡༡ ཚེས་༡༡ ཉིན་བོད་ཨ་མདོ་མཚོ་སྔོན་མཚོ་བྱང་ཁུལ་འདབ་བཞི་རྫོང་། ཝ་མགྱོགས་ཡུལ་ཚོ་མཚོ་བྱང་སྡེ་བ་ཞེས་པ་རུ་སྐྱེས་ཤིང༌། ས་གནས་སློབ་ཆུང་ལོ་རིམ་ལྔ་པ་བར་སོང་བ་དང་། ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་འཛིན་རིམ་བདུན་པའི་བར་བསྐྱོད། དེའི་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭས་ཆེད་དུ་གདན་ཞུ་བྱས་པ་ལྟར། ༢༠༠༦ ལོར་སློབ་གྲྭ་དེར་འཛུལ་ཞུགས་ཀྱིས་ལུས་རྩལ་ཐོག་དངོས་སུ་སྦྱོང་བརྡར་འགོ་འཛུགས་བྱས།  ༢༠༡༢ ལོའི་དབྱིན་ཇུ་ལོན་ཌོན་ཨོ་རྩེད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཐོག་མ་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་སུ་ཨང་གསུམ་པ་ཐོབ་པར་ངོས་འཛིན་གྱིས་ཟངས་ཀྱི་རྟགས་མ་སྤྲད་ཡོད་ཀྱང་། སྐབས་དེར་ཨང་གཉིས་པ་འཐོབ་མཁན་ར་ཤི་ཡའི་བུ་མོ་(Kaniskina)ཞུ་བ་དེས་སྨན་རྫས་བེད་སྤྱོད་བཏང་ཡོད་པའི་རྙོག་གླེང་བྱུང་སྟེ། རྗེས་ལ་ཆོས་དབྱངས་སྐྱིད་བསྐྱར་དུ་ཨང་གཉིས་པར་ངོས་འཛིན་བྱུང་ཡོད་པ་རེད། སྐབས་དེར་ཨང་གསུམ་པ་ཐོབ་མཁན་རྒྱ་མོ་(Hong Liu)ཞུ་བ་དེར་ད་ལོར་ཨང་དང་པོ་ཐོབ་ཡོད་པ་རེད།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།