བུད་མེད་ཚོར་ནུས་པ་དམིགས་བསལ་ཞིག་ཡོད་པར་བཀའ་སློབ་སྩལ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ཟླ་༠༦ཚེས་༢༡ཉིན་སྤེལ། ༧གོང་ས་མཆོག་གིས་བྱམས་བརྩེ་དར་སྤེལ་དོན་གཉེར་བ་བུད་མེད་འགོ་ཁྲིད་ཀྱི་བགྲོ་གླེང་གི་ཚོགས་མགོན་དུ་བུད་མེད་ཚོར་བྱམས་བརྩེ་གོང་སྤེལ་གཏོང་རྒྱུར་ནུས་པ་དམིགས་བསལ་ཞིག་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད་འདུག

altདེ་ཡང་གོང་ཚེས་ཉིན་༸གོང་ས་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་སྐབས་ཨ་རི་ནང་གི་བུད་མེད་ནུས་པ་ལྡན་པ་དང་། འཛིན་སྐྱོང་འགན་འཛིན། སྒྱུ་རྩལ་བ། བརྒྱུད་ལམ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༢༧༥ ཙམ་བཞུགས་གྲལ་དུ་འཁོད་ཡོད་པ་དང་། སྐབས་དེར་ཐོག་མར་༸གོང་ས་མཆོག་གི་སྐུ་ཚེ་དང་འབྲེལ་བའི་གློག་བརྙན་བསྟན་པ་བརྒྱུད་མགོན་པོ་གང་ཉིད་མཆོག་ངོ་སྤྲོད་ཞུས་ཡོད། དེ་ནས་ཨ་ེན་ཧེམ་ Anaheim གྲོང་ཁྱེར་སྤྱི་ཁྱབ་ཀྱི་སྐུ་ཟླ་ལྕམ་སྐུ་ཇུ་ལི་ཊེཊ་Julie Tait ལགས་ཀྱིས་མགོན་པོ་གང་ཉིད་མཆོག་སྡིངས་ཆའི་སྟེང་གདན་ཞུས་ཀྱིས་ཚོགས་བཅར་བ་རྣམས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས་ཡོད།

སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བརྩེ་བའི་སྤུན་ཟླ་ཕོ་མོ་རྣམ་པ། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུངས་ཆགས་ཡོད། སྲོག་ཆགས་གཞན་ལྟར་ང་ཚོར་ཡང་འཚོ་རྒྱུའི་ཐོབ་ཐང་ཡོད། ང་ཚོ་ཚང་མ་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཆགས་ཡོད་པ་མ་ཟད། ང་ཚོས་རང་བྱུང་ཁམས་ལ་རྟེན་ནས་འཚོ་བཞིན་ཡོད། ང་ཚོ་ཚང་མས་ཞི་བདེའི་ངང་ནས་མི་ཚེ་སྐྱེལ་འདོད་ཡོད་ཀྱང་། ཞི་བདེ་ནི་ཕྱི་ནས་མིན་པར་ནང་སེམས་ཀྱི་ནང་ནས་དགོས་ཀྱི་ཡོད། ཁོང་ཁྲོ་དང་ཕྲག་དོག་གིས་ཞི་བདེ་མེད་པར་བཟོ་བཞིན་ཡོད། ནང་སེམས་ཀྱི་ཞི་བདེ་ནི་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དང་འབྲེལ་བ་ཡོད་པར་བརྟེན། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་འཇོག་ཐབས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

ཤེས་ཡོན་ནི་འགྲོ་བ་མིའི་བདེ་ཐང་དང་བདེ་སྐྱིད་ཆེད་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོའི་གཟུགས་པོ་བདེ་ཐང་ཡོང་ཆེད་སེམས་བདེ་ཐང་དགོས་རྒྱུ་ཧ་ཅང་གལ་གནད་ཆགས་ཡོད། ཁོང་ཁྲོས་ང་ཚོའི་སེམས་ནང་གི་ཞི་བདེ་དཀྲུག་སྟེ་ང་ཚོས་ལེགས་ཉེས་དབྱེ་འབྱེད་བྱེད་རྒྱུའི་ནུས་པ་དེ་མེད་པ་བཟོ་བཞིན་ཡོད།

ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་བརྩེ་བ་ཉམས་ལེན་སྐོར་གསུང་བཞིན་ཡོད་པ་མ་ཟད། འགྲོ་བ་མིའི་བདེ་སྐྱིད་ཀྱི་གཞི་རྩ་ཡང་ཆགས་ཡོད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དང་འབྲེལ་བའི་ཤེས་ཡོན་སློབ་གསོ་གཏན་འབེབས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བུད་མེད་ཚོ་ལུས་ཁམས་ཀྱི་ཆ་ནས་མི་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་ཚོར་བ་ཤུགས་ཆེ་བ་ཡོད་པར་བརྟེན། གལ་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་བུད་མེད་ཀྱི་གྲངས་འབོར་མང་བ་ཡོད་ཚེ། འཛམ་གླིང་འདི་ཞི་བདེའི་གནས་ཞིག་ཆགས་ངེས་རེད།

Anaheim, calforniaངོས་ཀྱི་བསམ་པར་བུད་མེད་ཚོས་དམིགས་བསལ་འབད་བརྩོན་ཐོག་དེང་གི་སྤྱི་ཚོགས་ནང་དུ་ནང་སེམས་ཀྱི་བྱམས་བརྩེ་གོང་འཕེལ་ཡོང་ཆེད་འགན་མང་ཙམ་བཞེས་དགོས། བུད་མེད་ཚོར་དམན་པ་དང་ཞན་པ་འཛིན་རྒྱུའི་བསམ་བློ་ནི་ཆེས་རྗེས་ལུས་ཀྱི་མཚོན་རྟགས་ཞིག་ཡིན། ལོ་ཤས་གོང་ངོས་ལ་ཕ་རན་སིའི་དུས་དེབ་ཀྱི་རྩོམ་སྒྲིག་པས་མ་འོངས་པར་བུད་མེད་རྟེན་ཅན་གྱི་ཏཱ་ལའི་བླ་མའི་ཡང་སྲིད་འབྱུང་སྲིད་དམ། ཞེས་འདྲི་སྐབས། ངོས་ཀྱིས། ངེས་པར་དུ་ཕེབས་སྲིད་པ་རེད། ཅེས་ཞུས་རྒྱུ་བྱུང་། ཅེས་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་བུད་མེད་ཚོར་རང་བཞིན་ལྷན་སྐྱེས་སུ་བྱམས་བརྩེའི་ནུས་པ་ཤུགས་ཆེ་བ་ཡོད་སྟབས། བུད་མེད་རྣམས་ནས་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་ལེགས་བཅོས་གནང་རྒྱུའི་འགན་འཁྲི་འཕར་མ་བཞེས་དགོས་པ་དང་། དེ་ལྟར་གནང་ཚེ་མ་འོངས་པར་འཛམ་གླིང་འདིའི་ཐོག་བྱམས་སྙིང་རྗེ་ལྡན་པའི་འགོ་ཁྲིད་མང་པོ་ཐོན་གྱི་རེད། ཅེས་བཀའ་སློབ་སྩལ་བ་མ་ཟད། ༸གོང་ས་མཆོག་གིས་མ་ཡུམ་དམ་པའི་བཀའ་དྲིན་དྲན་གསོ་མཛད་པ་དང་འབྲེལ་ཨ་མ་ནི་འཛམ་གླིང་འདིའི་སྟེང་འགྲོ་བ་མི་རིགས་ཡོངས་ལ་བྱམས་བརྩེའི་རིན་ཐང་སློབ་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་སྐོར་སོགས་བཀའ་སྩལ་བ་མ་ཟད། སྐབས་དེར་༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་མཐུན་སྒྲིལ་དགོས་སྐོར་ཡང་བཀའ་སློབ་སྩལ་ཡོད།

ཕྱོགས་མཚུངས་གོང་ཚེས་ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ Friends of the Dalai Lama ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དེའི་ངོ་དེབ་བརྒྱུད་ཨ་རིའི་གསར་འགོད་པ་དང་ལས་འགུལ་བ། རྩོམ་པ་པོ་གྲགས་ཅན་ Maria Schriver ལགས་ཀྱིས་ཐད་གཏོང་བཅར་འདྲི་ཁག་གཅིག་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་དཀའ་ངལ་མང་དག་གཅིག་གི་གཞི་རྩ་གཙོ་བོ་ནི་རང་དོན་གཙོ་བཟུང་དང་འཁོན་འཛིན་སོགས་དབང་གི་བྱུང་བཞིན་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག དཀའ་ངལ་དེ་དག་སེལ་ཆེད་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་སྙིང་རྗེ་དང་བརྩེ་སེམས་ཀྱི་ཐོག་ནས་འགྲོ་བ་མི་རིགས་གཅིག་འགྱུར་གྱི་བསམ་བློ་གོང་མཐོར་གཏོང་དགོས་ལུགས་བཀའ་སྩལ་ཡོད་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།