༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད།

 པར་འདེབས།

༢༠༡༦།༠༦།༡༦ཉིན་སྤེལ། རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་Obama་རྣམ་གཉིས་མཇལ་འཕྲད་གནང་ཡོད་འདུག

དེ་ཡང་ཁ་སང་ཕྱི་ཚེས་༡༥རེས་གཟའ་ལྷག་པའི་ཉིན། རྒྱ་གར་གྱི་དགོང་དྲོ་ཆུ་ཚོད་༦།༤༥སྟེང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་ཡོད་འདུགalt 

དེ་ཡང་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་མཇལ་འཕྲད་སྐབས་གསར་འགོད་པ་སོགས་སུ་གཅིག་གཏོང་རྒྱུའི་འཆར་གཞི་མེད་ཅིང༌། དེ་ནི་རྒྱ་ནག་གཞུང་ལ་ཕོག་ཐུག་མི་བྱུང་བའི་ཐབས་ཤེས་ཤིག་ཡིན་པ་དང༌། རྒྱ་ནག་གཞུང་ཕྱོགས་ནས་འཛམ་གླིང་གི་མཚན་སྙན་ཆེ་བའི་Nobelཞི་བདེའི་གཟེངས་རྟགས་བཞེས་མཁན་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བོད་ཁ་བྲལ་གྱི་ཕྱག་ལས་གནང་མཁན་ཡིན་པའི་ཉེས་འཛུགས་བྱེད་ཀྱི་ཡོད་པའི་སྐོར་ཧྥ་རན་སིའི་བརྒྱུད་ལམ་ནང་གནས་ཚུལ་སྤེལ་ཡོད་འདུག ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་Obama་མཆོག་གིས་དེ་སྔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་འགའ་ཤས་མཇལ་འཕྲད་ཞུ་མྱོང་ཡོད་པ་དང༌། གྲོགས་པོ་ཡག་པོ་ཞིག་ཡིན་པ་གསུངས་གནང་འདུག

ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་LuKang་གིས་གསར་འགོད་པར༌། ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་རྒྱུའི་གནད་དོན་ཐད་ངོ་རྒོལ་བྱས་ཏེ། རྒྱ་ནག་གཞིང་གི་ངོས་ནས་མཇལ་འཕྲད་དེར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ལ། གལ་ཏེ་མཇལ་འཕྲད་གནང་བ་ཡིན་ཚེ། དེ་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་གྱི་ཁ་བྲལ་རིང་ལུགས་པར་ནོར་འཁྲུལ་གྱི་གོ་དོན་སྤྲད་པ་ཞིག་ཡིན་པ་མ་ཟད༌། ཨ་རི་དང་རྒྱ་ནག་དབར་ཡིད་ཆེས་དང་མཉམ་ལས་ལ་གནོད་འཚེ་བཟོ་རྒྱུ་ཡིན་ལུགས་བརྗོད་འདུག།

ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་Obama་མཆོག་གིས་ན་ནིང་རྒྱལ་ས་Washingtonདུ་ཚོགས་པའི་སྔ་དྲོའི་སྨོན་ལམ་གསོལ་སྟོན་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས་པ་མ་ཟད། ༧གོང་ས་མཆོག་ནི་འཛམ་གླིང་དེའི་ནང་བྱམས་བརྩེའི་ཉམས་ལེན་མཛད་མཁན་ཁྱད་དུ་འཕགས་པའི་མཚོན་དོན་ཞིག་ཡིན་པའི་སྐོར་གསུངས་གནང་འདུག

འདི་ཚེས་༡༤ཉིན་ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནན་སེ་ཕི་ལོ་སེ་ (Nancy Pelosi)་མཆོག་དང༌། སྤྱི་མཐུན་ཚོགས་པའི་དབུ་ཁྲིད་དང་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ཕུལ་ར་ཡན་ (Paul Ryan)་རྣམ་གཉིས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཉམ་དུ་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་ཡོད་འདུག

སྤྱི་ལོ་༢༠༡༤ལོའི་ཟླ་༢ཚེས་༢༡ཉིན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང༌། ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷཱ་མ་རྣམ་གཉིས་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་རིང་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་ཞིང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཨོ་བྷཱ་མ་མཆོག་ལ་༧གོང་ས་མཆོག་གི་ཕུགས་དགོངས་གསུམ་སྟེ།

འཛམ་གླིང་སྤྱིའི་བདེ་ཐབས་དང་སྒོས་སུ་མི་སྒེར་སོ་སོའི་བདེ་ཐབས་སླད་བྱམས་བརྩེ་དང་སྙིང་རྗེ། གཞན་ཁུར་སོགས་འགྲོ་བ་མིའི་རིན་ཐང་དར་སྤེལ་གཏོང་ཐབས་དང༌། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་ཡོང་ཐབས་བཅས་ཀྱི་ཐོག་མཛད་འཕྲིན་སྐྱོང་གནང་བཞིན་པའི་སྐོར་ངོ་སྤྲོད་གནང་ཡོད་པ་བཅས།།


གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།