༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཡོ་རོབ་ཏུ་མཛད་འཕྲིན་བསྐྱངས་བ།

 པར་འདེབས།


༢༠༡༦།༠༥།༣༡ཉིན་སྤེལ། ༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སུད་སིའི་གྲོང་ཁྱེར་རྗི་ནེ་ཝའི་ནང་བདུན་ཕྲག་གཉིས་རིང་མཛད་འཕྲིན་བསྐྱངས་གནང་འདུག


དེ་ཡང་ཡོ་རོབ་བོད་གནས་བརྒྱུད་ལམ་སྟེང་གནས་ཚུལ་འཁོད་པར་གཞིགས་ན། སུད་སིར་རྟེན་གཞི་བྱས་པའི་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་གིས་གསོལ་འདེབས་ཞུས་པ་ལྟར། དཔལ་རྒྱལ་བ་ཀརྨ་པ་མཆོག་ཞབས་སོར་བཀོད་པ་ཞིག་ཡིན་པ་དང༌། ཕྱི་ཚེས་༡༨ཉིན་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སུད་སིའི་གྲོང་ཁྱེར་རྗི་ནེ་ཝར་ཞབས་སོར་འཁོད་ཡོད་པ་དང༌། སྐབས་དེར་རྗི་ནེ་ཝའི་གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སུད་སིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང༌། ནམ་མཁའ་རིན་པོ་ཆེ་མཆོག་གཙོས་altཡུ་རོབ་སྤྱི་ཟུར་དང་ཚོགས་པ་ཁག་གི་མི་སྣ་བཅས་ཕེབས་བསུར་བཅར་ཡོད་པ་རེད་འདུག

ཕྱི་ཚེས་༢༠ཉིན་གྱི་སྔ་དྲོར་ལོས་རྫན་ནིLausanneགྲོང་ཁྱེར་གྱི་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་དུ་ཆིབས་སྒྱུར་བསྐྱངས་གནང་བ་དང་།  ཉིན་རྒྱབ་ལོས་རྫན་ནི་རྩེད་འགྲན་ཁང་དང་འགྲེམ་སྟོན་ཁང་སོགས་སུ་གཟིགས་སྐོར་གནང་ཡོད་འདུག ཚེས་ ༢༡ ཉིན་གྱི་སྔ་དྲོར་རྗི་ནེ་ཝར་(Théâtre du Léman)སྒོམ་ནི་ནང་སེམས་ཞི་བདེའི་འབྱུང་ཁུངས་ཡིན་(Meditation , source of inner peace)ཞེས་པའི་བརྗོད་གཞིའི་ཐོག་བཀའ་ཆོས་དང༌། ཕྱི་དྲོར་ལོ་ཛན་དང་རྗི་ནེ་ཝའི་མང་ཚོགས་ལ་ཟུར་མཇལ་དང་བཀའ་སློབ་གནང་འདུག

ཚེས་༢༢ཉིན་གྱི་སྔ་དྲོར་གོང་གསལ་ཚོགས་ཁང་དེར་སངས་རྒྱས་སྨན་ལྷའི་བཀའ་དབང་The medicine Buddhaབསྩལ་གནང་བ་དང་།  ཉིན་རྒྱབ་ནང་ཆོས་དང་ཚན་རིག་(Buddha and science)ཅེས་པའི་བགྲོ་གླེང་ཚོགས་འདུར་མཉམ་བཞུགས་གནང་འདུག ཚེས་ ༢༣ ཉིན་ལོས་ཛན་ནེ་གཙུག་ལག་སློབ་གཉེར་ཁང་དུ་མཛད་འཕྲིན་བསྐྱངས་གནང་ཡོད་པ་དང་།  ཕྱི་དྲོར་ཝ་ཨོཊ་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་དང་ཚན་རིག་པ་དང་བགྲོ་གླེང་གནང་ཡོད་འདུག

ཚེས་༢༤སྔ་དྲོར་ཐུབ་བསྟན་བྱམས་བརྩེ་གླིང་ཆོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་ཐུགས་སྨོན་མཛད་གནང་བ་དང༌། ཉིན་གུང་སུད་སིའི་རྒྱལ་ས་བྷེན་(Bern)ལ་ཆིབས་སྒྱུར་བསྐྱངས་གནང་བ་དང་ཕྱི་དྲོར་རིག་པའི་རྡོ་རྗེ་ཆོས་ཚོགས་ཁང་དུ་ཆིབས་ཞལ་བསྒྱུར་ཏེ་ཐུགས་སྨོན་མཛད་རྗེས་གྲོང་ཁྱེར་རྫི་རིག་ཁུ་(Zurich)ཆིབས་སྒྱུར་བསྐྱངས་གནང་ཡོད་པ་དང་། ཚེས་༢༥སྔ་དྲོར་པདྨ་བོད་སྨན་བསྟི་གནས་ཁང་དུ་ཞབས་སོར་འཁོད་དེ་གཟིགས་ཞིབ་གནང་རྗེས། ཉིན་རྒྱབ་རི་ཀོན་ཆོས་འཁོར་དགོན་དུ་ཕེབས་གནང་འདུག  ཕྱི་དྲོར་རྫི་རིག་ཁུལ་དུ་ཡོད་པའི་འགྲོ་བ་མིའི་བདེ་རྩ་ཚོགས་པར་ཆིབས་བསྒྱུར་བསྐྱངས་གནང་འདུག 

ཚེས་ ༢༦ ཉིན་སུད་སིའི་བཀའ་བརྒྱུད་པ་ཡོངས་ལ་མཇལ་ཁ་གནང་ཡོད་པ་དང་། ཚེས་ ༢༧ ཉིན་གྱི་སྔ་དྲོར་རྫི་རིག་ཁུ་(Zürich)གྲོང་ཁྱེར་ནས་བོད་རིགས་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་གནང་རྗེས། ཉིན་རྒྱབ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་འཐུས་མི་རྣམ་པ་དང་སྤྱི་ཟུར་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་གནང་འདུག

ཚེས་ ༢༨ ཉིན་བྷུས་ལག་(Stadthalle Bülach )ས་གནས་ཚོགས་ཁང་དུ། ཁྱེད་ཀྱི་ཉིན་རེའི་སྡུག་བསྔལ་རྣམས་སྒྱུར་བཅོས་གཏོང་བ་(transforming your daily suffering) ཞེས་པའི་བརྗོད་གཞིའི་ཐོག་བཀའ་ཆོས་གནང་རྗེས། ཕྱི་དྲོར་བོད་རིགས་མི་མང་ལ་ཟུར་མཇལ་དང་བཀའ་སློབ་བསྩལ་གནང་འདུག ཚེས་༢༩སྔ་དྲོར་གོང་གསལ་ཚོགས་ཁང་དེར་སྤྱན་རིས་གཟིགས་ཀྱི་བཀའ་དབང་བསྩལ་གནང་བ་དང་། ཉིན་རྒྱབ་ཁོར་ཡུག་སྲུང་སྐྱོབ་དང་ནང་པའི་ལྟ་གྲུབ་(Buddhism and environment care)ཞེས་པའི་བགྲོ་གླེང་ཚོགས་འདུར་མཉམ་བཞུགས་གནང་འདུག ཚེས་ ༣༠ ཉིན་ཧྥ་རན་སིར་ཆིབས་སྒྱུར་བསྐྱངས་གནང་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།