ཨ་རི་དང་རྒྱ་གར་གཉིས་ཀྱིས་བོད་དོན་གླེང་བ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༢༤ཉིན་སྤེལ། ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་ཟླ་འདིའི་ཚེས་༢༣ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་ཡོད་པའི་ཨ་རིའི་གྲོས་ཚོགས་ལ་རྒྱ་གར་གྱི་སྲིད་བློན་ཊོག་ཊར་མན་མོ་ཧན་སེང་མཆོག་གིས་འཚམས་གཟིགས་གནང་བར་དགའ་བསུ་ཞུས་ཡོད་པ་དང༌། སྐབས་དེའི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཁོ་མོས། རྒྱ་གར་གཞུང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་གནས་མལ་སྦྱིན་པར་ཨ་རིའི་གཞུང་གིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལུགས་ཀྱི་གསུང་བཤད་གནང་ཡོད་འདུག

དེ་ཡང་ལྕམ་ནན་སི་པེ་ལོ་སི་མཆོག་གིས་གསར་འགོད་གསལ་བསྒྲགས་ཐོག རྒྱ་གར་ནི་བཟང་སྤྱོད་ཀྱི་རིན་ཐང་གཞི་རྩར་འཛིན་པའི་རྒྱལ་ཁབ་ཅིག་ཏུ་བརྩི་བཞིན་ཡོད་པ་རེད། ཅེས་དཔྱད་གཏམ་སྤེལ་ཡོད་པ་དང༌། ཏཱ་ལའི་བླ་མ་ཁ་བྲལ་རིང་ལུགས་པ་ཞིག་ཏུ་ངོས་འཛིན་གནང་བཞིན་པའི་རྒྱ་གཞུང་ལ་དཔྱད་གཏམ་དེས་ཁོང་ཁྲོ་སློང་སྲིད་འདུག གཞན་ཡང་ཁོ་མོས་ཨ་རིའི་སྤྱི་དམངས་ཐོབ་ཐང་འཐབ་རྩོད་པ་མར་ཊིན་ལུ་ཐར་ཀེང་མཆོག་གིས་བདག་ཉིད་ཆེན་མོ་གྷན་དྷི་མཆོག་ལས་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་སྐུལ་སློང་ཐོབ་ལུགས་དང༌། དེ་བཞིན་ཨ་རིའི་ད་ལྟའི་མི་རབས་ཀྱིས་ཀྱང་ཇི་ལྟར་བྱས་ཏེ་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་དོན་ཕན་གྱི་འབྲས་བུ་བསྐྲུན་སྟངས་ཐད་སྦྱངས་བརྩོན་བྱེད་ཀྱིན་ཡོད་ཚུལ་སྐོར་གསུངས་ཡོད་འདུག

ཟླ་འདིའི་ཚེས་༢༡ཉིན། ྋགོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བ་རུ་རྒྱ་གར་གྱི་སྲིད་བློན་མཆོག་གིས་ཨ་རིའི་རྒྱལ་ས་ཤ་ཝ་ཤིན་ཊོན་དུ་འཚམས་གཟིགས་གནང་སྐབས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ལྷན་དུ་བོད་དོན་གླེང་སློང་ཡོང་བའི་རེ་བ་བཅིངས་ཡོད་ལུགས་ཀྱི་བཀའ་བསྩལ་ཡོད་དོན། རྒྱ་གར་དང་བོད་གཉིས་དབར་ལ་ཆོས་འབྲེལ་དམ་ཟབ་ལྡན་པ་རེད། རྒྱ་གར་གྱི་སྲིད་བློན་མཆོག་གིས་གང་ནུས་སྒོས་ཨོ་བྷ་མ་མཆོག་ལ་བོད་དོན་སྐོར་སྙན་སྐུལ་ཞུ་ངེས་ཡིན་པར་ངོས་རང་ལ་ཡིད་ཆེས་ཡོད། ཅེས་གསུངས་ཡོད་འདུག

རྒྱ་གར་སྲིད་བློན་མན་མོ་ཧན་སེང་མཆོག་གིས་ཨ་རིའི་གྲོས་ཚོགས་ལ་ཕྱི་འབྲེལ་ཐད་གཏམ་བཤད་གནང་སྐབས་གསུངས་དོན། རྒྱ་གར་གྱིས་རྒྱ་ནག་གི་དཔེ་སྟོན་ལ་ལད་སློབ་བྱ་འདོད་མེད་ཅིང༌། ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་ལུགས་རང་དབང༌། མང་གཙོ། སྣ་མང་རིག་གཞུང་མཉམ་གནས་སོགས་རང་ཉིད་ཀྱི་དཔེ་སྟོན་ཡོད། ཅེས་གསུངས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
ཨ་རོགས་ ད་ཨ་རི་དང་རྒྱ་གར་ལ་ཡིད་ཆེས་མ་ཆེ། བོད་རེ་བས་ཕོངས་ཟེར་བའི་གཏམ་དཔེ་ཡིད་ལ་ཐེངས་རེ་དྲན་ཞིག



བརྗོད་གཞི་གཞན་ཁག་ལ་གཟིགས།