ཨོ་སི་ཁྲོ་ལི་ཡའི་བོད་རིཊ་སྤྱི་མཐུན་ཚོཊ་ཆེན་ཐེངས་བདུན་པ་སྐོང་ཚོཊ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༤།༡༩ཉིན་སྤེལ། ཟླ་འདིའི་ཚེས་༡༦ནས་༡༨བཅས་ཉིན་གསུམ་རིང་ཨོ་སི་ཁྲོ་ལི་ཡའི་སི་ནེའི་གྲོང་ཁྱེར་གྱི་བྱང་ཕྱོགས་མཚོ་ངོགས་ས་ཁུལ་དུ་ཨོ་སི་ཁྲོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་སྐོང་ཚོགས་གནང་འདུག

དེ་ཡང་ཚོགས་འདུའི་ཐོག་མཉམ་བཞུགས་གནང་མཁན། ཨོ་སི་ཁྲོ་ལི་ཡའི་སྐུ་ཚབ་དོན་གཅོད་སྐུ་ངོ་ལྷག་པ་མཚོ་སྒོ་མཆོག་དང་། རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས དབུས་རྒྱུན་རྣམ་པ། ཨོ་སི་ཁྲོ་ལི་ཡའི་མངའ་སྡེ་དྲུག་གི་ནང་ནས་ས་གནས་བོད་རིགས་མཐུན་ཚོགས་ཁག་གི་ཚོགས་གཙོ་ཚོགས་གཞོན་དང་སྐུ་ཚབ། མངའ་སྡེ་སོ་སོའི་མི་མང་ཉིས་བརྒྱ་ལྷག་མཉམ་ཞུགས་གནང་སྟེ་སྤྱི་མཐུན་ཚོགས་པའི་ལས་དོན་གནང་ཕྱོགས་སྐོར་ལ་གྲོས་བསྡུར་དང་གྲོས་ཆོད་ཁག་ཅིག་བཞག་གནང་ཡོད་འདུགalt

ཚོགས་ཆེན་གྱི་ཉིན་དང་པོར་རྒྱལ་ཡོངས་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་ཀྱིས་ཚོགས་ཆེན་གྱི་དམིགས་ཡུལ་སྐོར་ནས་གསུང་བཤད་གནང་དོན། གྲོས་ཆོད་གང་མང་གཏན་འབེབས་བྱས་ཏེ་ཡིག་ཐོག་ཏུ་འཇོག་རྒྱུ་ཙམ་མ་ཡིན་པར་མངའ་སྡེ་སོ་སོ་ནས་ཕེབས་པའི་བོད་རིགས་མཐུན་ཚོགས་ཁག་གི་རྒྱུན་ལས་དང་མི་མང་རྣམས་ས་གནས་གཅིག་ཏུ་འཛོམས་ནས་ཕན་ཚུན་རྒྱུས་ལོན་དང་བསམ་ཤེས། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ནི་དམིགས་ཡུལ་གྱི་གཙོ་བོ་ཡིན་ལ། དོན་དངོས་ཀྱི་ཐོག་ནས་ང་ཚོའི་སྟོབས་ཤུགས་ངོ་མ་དེ་རང་ཡིན་པས། བོད་མི་རེ་རེའི་ངོས་ནས་འགན་ལེན་བྱེད་དགོས་པ་གལ་གནད་ཆེན་པོ་ཡིན་སྐོར་དང༌།

ཡང་ཁོང་གིས་རྒྱལ་ཡོངས་ཚོགས་ཆེན་འདི་མངའ་སྡེ་སོ་སོའི་བོད་མི་ཚང་མའི་དགོངས་ཚུལ་ཕྱོགས་གཅིག་ཏུ་སྤུངས་སའི་ཚོགས་འདུ་གལ་ཆེན་ཞིག་ཡིན་དུས། ད་ལྟའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་གནས་བབ་དང་མ་འོངས་པའི་མདུན་ལམ་བཅས་ཀྱི་སྐོར་ལ་ཐུགས་བསམ་ཆེན་པོ་བཞེས་ཏེ་ཆ་ཤས་ལེན་རྒྱུ་གལ་ཆེན་པོ་ཡིན་པའི་རེ་སྐུལ་ཞུས་སོང༌།

དེ་རྗེས་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་གིས་ཚོགས་ཆེན་དང་འབྲེལ་བའི་སྐོེར་ལ་གསུང་བཤད་གནང་དོན། རྩ་བའི་དོན་གཅོད་ངོས་ནས་ལས་དོན་བྱེད་ཕྱོགས་ཀྱི་ཁྱབ་ཚད་གལ་གནད་ཆེན་པོ་བཞི་ལ་ངོས་འཛིན་བྱེད་ཀྱི་ཡོད།
 དང་པོ། རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་མངའ་སྡེ་སོ་སོའི་བོད་རིགས་མཐུན་ཚོགས་ཁག གཉིས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གསུམ་པ། ྋརྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་དང་འབྲེལ་བའི་ཕེབས་བསུའི་གོ་སྒྲིག་ཚོགས་ཆུང༌། བཞི་བ། བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ཡིན་སྐོར་དང༌། ཡང་ཁོང་གིས་ཐེངས་འདིའི་ཚོགས་ཆེན་སྐབས་སུ་གྲོས་ཆོད་གང་བཞག་པ་ལ་ས་གནས་བོད་རིགས་ཚོགས་པ་ཁག་དང་ས་གནས་མི་མང་བཅས་ཀྱིས་མཐུན་སྒྲིལ་དང་ནུས་ཤུགས་མཉམ་སྤུངས་བྱས་ཏེ་གྲོས་ཆོད་ཁག་གི་གྲུབ་འབྲས་འཐོན་ཐབས་ལ་འབད་བརྩོན་ཆེན་པོ་བྱེད་དགོས་པ་མ་ཟད། དོན་གཅོད་ངོས་ནས་ཀྱང་ལམ་སྟོན་དང་རམ་འདེགས་གང་ཡོང་དུས་ཐོག་ཏུ་ཞུ་རྒྱུ་ཡིན་སྐོར་གསུངས་གནང་སོང༌།

ཐེངས་འདིའི་ཚོགས་ཆེན་སྐབས་ཀྱི་གྲོས་གཞི་དོན་ཚན་དང་པོ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྤེལ་བྱེད་ཕྱོགས་སྐོར་དང༌། གྲོས་གཞི་དོན་ཚན་གཉིས་པ་ནི་རྒྱལ་ཁབ་འདིའི་ནང་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་སྐོར། གྲོས་གཞི་དོན་ཚན་གསུམ་པ་ནི་བོད་རིགས་མཐུན་ཚོགས་ཁག་སྲ་བརྟན་དང་ནུས་ལྡན་བཟོ་ཐབས་སྐོར་དང༌། གྲོས་གཞི་དོན་ཚན་བཞི་བ་ནི་ྋསྤྱི་ནོར་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་སྐབས་རྒྱལ་ཡོངས་སྤྱི་ཚོགས་པས་ས་གནས་བོད་རིགས་མཐུན་ཚོགས་སོ་སོས་ཞུ་སྒོ་ཇི་དགེའི་སྐོར་དང༌། སྤྱི་སྨན་དགོངས་འཆར་བཅས་ཡིན་འདུག

ད་ལོའི་ཚོགས་ཆེན་སྐབས་སུ་ཚོགས་ཆུང་ཁག་བཞི་རུ་བགོས་ཏེ་ཚོགས་བཅར་བ་ཡོངས་ཀྱིས་གྲོས་བསྡུར་དང་བགྲོ་གླེང་རིམ་པར་བྱས་ཏེ་གྲོས་ཆོད་དམིགས་བསལ་བ་ཁག་ཅིག་བཞག་ཡོད་འདུག དེའི་ནང་ནས་གྲོས་ཆོད་གཅིག་ནི། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ཨོ་གླིང་ནང་ཡོད་པའི་བླ་སྤྲུལ་དང༌། མཁན་པོ། དགེ་བཤེས། རྩོམ་པ་པོ། ཞིབ་འཇུག་པ། ལོ་ཙཱ་བ། དགེ་རྒན། སྨན་པ། གསར་འགོད་པ། བཟོ་རིགས་ཁེ་ལས་པ་སོགས་ཆེད་ལས་མཁས་པའི་ཚོགས་ཆེན་ཞིག་བསྡུ་བསྐོང་གིས་ཡུལ་གྲུ་འདིའི་ནང་མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་གནང་ཐབས་ཀྱི་བགྲོ་གླེང་ཞིག་གོ་སྒྲིག་གནང་རྒྱུ་དང༌། རིམ་བཞིན་ཨོ་གླིང་གཙུག་ལག་སློབ་ཆེན། ལས་རིགས་འདྲ་མིན་ནང་བཞུགས་པའི་ཨོ་གླིང་བོད་རིག་པ་བ་རྣམས་དང་མཇལ་ནས་བོད་རིག་པའི་སྐོར་ནས་བགྲོ་གླེང་དང་ནུས་པ་མཉམ་འབྲེལ་བྱ་ཐབས་དང༌། གྲོས་ཆོད་གཞན་ཞིག་ནི། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་ཨོ་གླིང་རྒྱལ་ཡོངས་བོད་རིགས་མི་མང་འདུ་འཛོམས་ཆེན་མོ་ཞེས་པའི་ཞི་བའི་ལས་འགུལ་ཞིག་དུས་ཚོད་ངེས་ཅན་ནང་གོ་སྒྲིག་བྱ་ཐུབ་པ་བྱ་རྒྱུ་དང༌། དེའི་སྐབས་གནས་ཡུལ་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་སྣ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་སོགས་གདན་འདྲེན་གྱིས་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་བྱ་རྒྱུ་སོགས་རེད་འདུག ཚོགས་ཆེན་གསུམ་པའི་ཉིན་གྲོས་ཆོད་ཁག་སྤྱི་མོས་མང་མོས་ཀྱི་སྒོ་ནས་གཏན་འབེབས་བྱས་ཏེ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་སྒྲོན་ལགས་ཀྱིས་མཇུག་སྡོམ་གནང་སྟེ་ཚོགས་ཆེན་གྲོལ་སོང༌། གནས་ཚུལ་མཁོ་སྤྲོད་གནང་མཁན་རྨེའུ་དཀོན་རྒྱམ། 

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།