ཐའེ་ཝན་གྱི་གཞས་པ་གྲགས་ཅན་ཕེ་རིས་ཌི་ལིམ་ལ་བཅར་འདྲི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༢༣ཉིན་སྤེལ། འདི་ནི་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་འདི་གའི་གསར་འགོད་པ་ཀེ་རུས་ལགས་ཀྱིས་ཐའེ་ཝན་གྱི་གཞས་པ་གྲགས་ཅན་(rock star)ཕེ་རིས་ཌི་ལིམ་ལ་བོད་དོན་སྐོར་བཅའ་འདྲི་བྱས་པ་ཞིག་རེད། ཕེ་རིས་ཌི་ལིམ་ནི་ཐའེ་ཝན་(Chthonic)ཐོ་ཉིག(black metal band)རོལ་དབྱངས་ཚོགས་པ་ནས་ཡིན་འདུག་པ་དང༌། དེ་སྔོན་འདི་ལོ་སྤྱི་༧ཚེས་༡༡ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་སྤྱི་ལོ་༡༩༥༩ལོར་བོད་མི་རྣམས་ཀྱིས་ཡར་ལང་བྱས་པའི་རོལ་དབྱངས་དུས་དྲན་ཞིག་ཚོགས་ཡོད་པ་དེའི་སྐབས་རོལ་དབྱངས་ཚོགས་པ་དེས་བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་ཡོད་པའི་ཆབ་སྲིད་ཀྱི་ལྟ་བ་གསལ་སྟོན་བྱས་ཡོད་པ་རེད། འདི་ལོ་སྤྱི་ཟླ་༡༠ཚེས་༡༠ཉིན་བཞུགས་སྒར་རྡ་རམ་ས་ལའི་རོལ་དབྱངས་གཟེངས་རྟགས་འདུ་འཛོམས་སྐབས་ཁོང་ལ་༼རྒྱལ་སྤྱིའི་ཨང་དང་པོ་སྒྱུར་རྩལ་པའི་༽གཟེངས་རྟགས་ཕུལ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པས། སྐུ་ཉིད་ཀྱིས་མ་འོངས་པར་ལས་རིམ་རྣམ་གྲངས་སུ་བོད་དོན་སྐོར་རྒྱབ་སྐྱོར་ག་རེ་གནང་རྒྱུའི་འཆར་གཞི་ཡོད་པ་ཡིན་ནམ།

ཕེ་རིས་ཌི། དུས་ཚོད་རིང་པོ་ཞིག་ལ་བོད་པའི་གནད་དོན་ལས་འགུལ་དེ་ཁྱབ་བསྒྲགས་ཆེན་པོ་ཞིག་ཕྱིན་ཡོད་པ་མ་རེད། ཡིན་ན་ཡང་འདི་ལོ་རོལ་དབྱངས་འདུ་འཛོམས་དེའི་ཐོག་ནས་མི་ཚང་མར་དོ་སྣང་ཆེན་པོ་ཞིག་སླེབས་ཡོད་པ་འདྲ་པོ་ཞིག་འདུག དེ་བཞིན་ང་ཚོས་མཐོ་སློབ་ནང་བགྲོ་གླེང་དང་རོལ་དབྱངས་འདུ་འཛོམས་དེ་འདྲ་གོ་སྒྲིག་བྱས་པ་རེད་ལ།  ང་ཚོས་༼ཐའེ་བོད་༽ཞེས་པའི་གློག་བརྙན་དེ་འདྲ་སྟོན་འགོ་ཚུགས་ཡོད་པ་རེད། འོན་ཀྱང་ལས་ཀ་དེ་ཚོ་ཚང་མ་སློབ་ཕྲུག་ཚོས་ཁོ་ནའི་ངོས་ནས་བྱས་པ་ཞིག་རེད། ལོ་རྗེས་མར་ང་ཚོས་ཤིན་ཅང་ཡུ་གུའི་རང་དབང་འཐབ་རྩོད་པ་ལྕམ་རཱ་རྦི་ཡའི་གློག་བརྙན་༼མཛའ་བརྩེའི་ཆ་རྐྱེན་བཅུ་༽ཞེས་པ་དང་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱི་༼འཇིགས་བྲལ༽གློག་བརྙན་གཉིས་མཐོ་སློབ་དེ་ནས་འགོ་འཛུགས་ཀྱིས་གཞན་སློབ་གྲྭ་ཁག་ཚང་མའི་ནང་བསྐྱོད་ན་སྟོན་འཆར་ཡོད། ང་ཚོར་རྒྱུན་དུ་རྒྱབ་སྐྱོར་བྱེད་མཁན་དེ་འདྲ་མང་པོ་ཡོད་པ་རེད། དཔེར་ན། བོད་མིའི་རོལ་དབྱངས་འདུ་འཛོམས་ཀྱི་གཞས་པ་ཏའེ་ཀྲི་ཁོང་གིས་མུ་མཐུད་ནས་བོད་པའི་ལོ་རྒྱུས་སྐོར་གཞས་ཚིག་འབྲི་བཞིན་ཡོད་པ་རེད་ལ། མ་ཚད་གློག་བརྙན་དེ་གཉིས་ཁོང་རང་གི་དྲ་རྒྱའི་ཐོག་བཀོད་ཡོད་པ་རེད། ཐའེ་ཝན་ནང་རོལ་དབྱངས་ཚོགས་པའས་བོད་དོན་སྐོར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་ཁོ་ན་མིན་པར། ཐའེ་ཝན་ནང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་སྒྱུར་རྩལ་གྱི་ཚོགས་སྡེ་ཚང་མའི་ནང་བོད་པའི་རོལ་དབྱངས་བྱ་དགའ་གནང་བར་ཕེབས་དགོས་པ་རེད། ཐའེ་ཝན་གྱིས་བོད་ལ་རྒྱ་སྐྱོར་ཤུགས་ཆེན་པོ་ག་ཚོད་བྱེད་བཞིན་ཡོད་པ་འཛམ་བུ་གླིང་ལ་ཤེས་སུ་འཇུག་དགོས་པ་རེད།

འདི་ལོ་སྔ་མོར་(Chthonic)ཐོ་ཉིག་གི་འགོ་འཛིན་ཌི་རིད་སི་“LA Tattoo”ཞེས་པའི་ལེའུ་ཚན་ཐད་གཏོང་གཟུགས་མཐོང་རླུང་འཕྲིན་ཐོག་གདན་འདྲེན་ཞུས་པ་རེད། དེ་ནི་རྗེས་སུ་འཛམ་གླིང་ཡོངས་སུ་རྒྱང་བསྲིང་བྱ་རྒྱུ་རེད། ༧གོང་ས་མཆོག་གིས་ཁོང་ལ་བོད་པའི་མིང་ཚིག་ tattooཞེས་གནང་ཡོད་པ་རེད། ཡིན་ནའང་རྒྱ་ནག་དུ་དེ་ནི་རྒྱང་བསྲིང་བྱ་རྒྱུ་མིན་པ་གསལ་པོ་རེད། བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་འདི་ནི་ང་ཚོས་མུ་མཐུད་དུ་བྱ་རྒྱུ་ཡིན། ང་ཚོའི་ལས་འགུལ་འདི་ནི་མཛམ་བུ་གླིང་གི་མི་རྣམས་ལ་བོད་པའི་གནས་སྟངས་སྐོར་ཤེས་སུ་འཇུག་པའི་ཐབས་ལམ་ཞིག་རེད། ང་ཚོའི་ངོས་ནས་གང་ཐུབ་ཀྱི་བོད་དོན་སྐོར་རོལ་དབྱངས་འདུ་འཛོམས་བྱེད་རྒྱུ་དང་། ད་དུང་གང་མགྱོགས་རོལ་དབྱངས་འདུ་འཛོམས་ཤིག་གོ་སྒྲིག་ཞུ་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད།

གསར་འགོད་པ། བོད་མི་རྣམས་ཀྱིས་ལོ་ངོ་༥༠ཡི་རིང་ཁོང་ཚོའི་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ད་དུང་ཕན་ནུས་ལྡན་པའི་གྲུབ་འབྲས་གང་ཡང་ཐོན་ཡོད་པ་མ་རེད། དེར་བརྟེན་བོད་མི་རྣམས་ལ་ཁྱོད་ཀྱིས་བསླབ་བྱ་ག་རེ་གནང་རྒྱུ་ཡོད་དམ།

ཕེ་རིས་ཌི། བོད་པའི་གནས་དོན་དེ་ལོ་ངོ་༥༠ཙམ་ཕྱིན་ཡོད་པ་རེད། འོན་ཀྱང་ང་ཚོས་ད་དུང་ཡང་མཐོང་བཞིན་པ་ནི་རྒྱ་ནག་གཞུང་གིས་བོད་པའི་གནས་དོན་ཐོག་ཁེ་དབང་གང་ཡང་སྤྲད་མེད་པ་དེ་རེད། ད་ལྟ་བོད་པའི་གནས་དོན་དེ་ནི་བོད་ནང་དུ་གཅིག་པུ་མ་རེད། བོད་མིའི་འཐབ་རྩོད་ལས་འགུལ་དེ་ནི་འཛམ་གླིང་གང་སར་ཁྱབ་ཡོད་པ་རེད་ལ། དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཞིག་རེད། གྲུབ་འབྲས་ཐོག་ནས་བཤད་ན། རྗེའུ་མི་རིགས་དེ་ཚོས་ལོ་ངོ་ཆིག་སྟོང་ཙམ་གྱི་རིང་འཐབ་རྩོད་བྱས་པ་དེ་མཐའ་མ་ང་ཚོས་(Berlin Wall)རྩ་གཏོར་བཏང་བ་མཐོང་ཡོད་པ་དང༌། དེ་དང་འདྲ་བའི་གྲུབ་འབྲས་ཤིག་མ་མཐོང་བའི་སྔོན་དུ་དུས་ཚོད་རྒྱུན་རིང་ཞིག་ལ་མུ་མཐུད་ནས་འཐབ་རྩོད་བྱེད་དགོས་ཀྱི་ཡོད་པ་རེད། ངས་བོད་མིའི་འཐབ་རྩོད་སྐོར་ལ་སློབ་སྟོན་དེ་འདྲ་གང་ཡང་བྱེད་ཐུབ་ཀྱི་མ་རེད། འོན་ཀྱང་ངས་བོད་པའི་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ངའི་བསམས་པར། ༧གོང་ས་ཏཱ་ལའི་བླ་མས་ཀྱང་གང་ཉིད་བཙན་བྱོལ་དུ་ཕེབས་རྒྱུ་ཐག་བཅད་དུས་ནས་མཁྱེན་ཡོད་པ་རེད། དེའི་སྐབས་སུ་ནས་གང་ཉིད་ཀྱིས་བོད་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལ་འཐབ་རྩོད་རྒྱབ་སྐྱོར་བྱ་རྒྱུ་ཧ་ཅང་གི་ཚད་མཐོའི་ཐུགས་བསམས་རྒྱ་ཆེན་པོ་ཞིག་བཞེས་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིགས་གཏོང་རྒྱུའི་ཐབས་ཤེས་བྱེད་བཞིན་པ་དེ་ཁག་པོ་ག་ཚོད་ཡོད་རུང༌། ང་ཚོས་ཤེས་གསལ་ལྟར་འཛམ་གླིང་གི་ས་ཕྱོགས་གང་སར་༧གོང་ས་མཆོག་དང་བོད་མི་རྣམས་ཀྱིས་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད། དེ་བཞིན་ངའི་བསམས་པར་བོད་པའི་ས་གནས་རང་སྐྱོང་གི་གྲུབ་འབྲས་དེ་ག་དུས་ཐོན་མིན་གྱི་དུས་ཚོད་དེ་ཚད་གཞི་འཇལ་རྒྱུ་ཞིག་མིན་དུས། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པར་བོད་མི་རྣམས་བཙན་བྱོལ་དུ་གནས་ཡོད་པ་དེ་ཡང་གལ་གནད་ཆེན་པོ་ཞིག་རེད་བསམ་གྱི་འདུག

གསར་འགོད་པ། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མི་བཞི་ལ་ཁོང་ཚོ་ན་ནིང་སྤྱི་ཟླ་༣པའི་ནང་ངོ་རྒོལ་གྱི་ཁོངས་སུ་ཡོད་པ་སྐྱོན་འཛུགས་བྱས་ནས་སྲོག་ཐོག་ཏུ་བཏང་ཡོད་པ་རེད། ཁྱོད་ཀྱིས་ཁོང་ཚོའི་ནང་མི་དང་སྤུན་མཆེད་རྣམས་ལ་སྐད་ཆ་ག་རེ་ཤོད་རྒྱུ་ཡོད་དམ།

ཕེ་རིས་ཌི། ངས་རྒྱ་ནག་གཞུང་གིས་བོད་མི་སྲོག་ཐོག་ཏུ་བཏང་ཡོད་པ་དེ་ཚོར་གུས་འདུད་ཆེན་པོ་བྱེད་རྒྱུ་ཡིན། སྲོག་ཐོག་ཏུ་བཏང་ཡོད་པའི་མི་དེ་ཚོའི་ནང་མི་དང་གྲོགས་པོ། དེ་བཞིན་འཛམ་གླིང་གི་མི་ཚང་མར་ཤོད་རྒྱུར། ཁོང་ཚོས་བློས་གཏོང་གི་རིན་ཐང་དེ་ལ་བརྩི་མཐོང་བྱེད་འོས་པ་ཞིག་རེད་ཅེས་ཤོད་རྒྱུ་ཡིན། ཁོང་ཚོ་འཛམ་བུ་གླིང་འདི་ལས་ཁ་བྲལ་བའམ་ཡང་ན་བཙོན་ཁང་དུ་གནས་ཡོད་ཀྱང༌རུང་། གང་ལྟར་ཁོང་ཚོའི་བློས་བཏང་དེ་ནི་ཁོང་ཚོ་སོ་སོའི་གནས་བབས་ཀྱི་ཆེད་དུ་མ་རེད་ལ། སྤུན་མཆེད་དང་གྲོགས་པོ་སོགས་ཀྱི་ཆེད་དུའང་དེ་བས་མིན་པར། དེ་ནི་བོད་མི་ཡོངས་ཀྱི་ཆེད་དུ་ཡིན་པ་རེད།

གསར་འགོད་པ། ༧གོང་ས་མཆོག་གིས་ཁ་གསལ་པོའི་ཐོག་ནས་བོད་དེ་རྒྱ་ནག་གི་ཁོངས་སུ་ས་གནས་རང་སྲིད་རང་སྐྱོང་གི་དགོན་འདུན་སྟོན་བཞིན་ཡོད་ནའང༌། ད་དུང་རྒྱ་ནག་གཞུང་གིས་མུ་མཐུད་ནས་ཏཱ་ལའི་བླ་མས་བོད་དེ་རྒྱ་ནག་ལས་ཁ་བྲལ་དུ་གཏོང་གི་ཡོད་པ་རེད་ཅེས་ཤོད་བཞིན་ཡོད་པ་་དེར་ཁྱོད་ལ་བསམས་ཚུལ་ག་རེ་ཡོད་དམ།

ཕེ་རིས་ཌི། བོད་པའི་མདུན་ལམ་དེ་བོད་མི་རྣམས་ཀྱིས་ཐག་གཅོད་དགོས་པ་དང༌། ཐག་གཅོད་དེ་ཡང་རྒྱ་ནག་གཞུང་གི་ལག་པའི་ནང་ནས་རྫུན་མ་མེད་པ་ཞིག་དགོས་ཀྱི་ཡོད་པ་རེད། གལ་སྲིད་བོད་མི་རྣམས་ཀྱིས་རང་བཙན་འཐབ་རྩོད་བྱེད་བཞིན་ཡོད་ནའང༌། རྒྱ་ནག་གཞུང་ལ་བོད་པའི་མདུན་ལམ་སྐོར་སྐད་ཆ་བཤད་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་པ་མ་རེད། བོད་པ་གཞོན་སྐྱེས་མང་པོས་རང་བཙན་འཐབ་རྩོད་བྱེད་བཞིན་ཡོད་ནའང་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ས་གནས་རང་སྲིད་རང་སྐྱོང་ལ་འབད་བརྩོན་བྱ་རྒྱུ་ཐག་བཅད་ཟིན་པ་རེད་ཅེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
དེ་ལྟ་བུའི་ལས་འགུལ་ནི་ང་ཚོ་ལ་མཚོན་ན་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་སྙམ།
ཁོང་གིས་ཐེ་ཝན་གྱི་རྒྱ་རིགས་ཚོར་བོད་དོན་ཆེད་གོ་རྟོགས་གང་ལེགས་སྤེལ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།