ལོ༦༠ཙམ་རིང་རྒྱ་མིས་བོད་བཟས་ཀྱང་ཕོ་བས་འཇུ་མ་ཐུབ་པར་ལུས་ཡོད།

 པར་འདེབས།

༢༠༡༦ལོའི་ཟླ་༣ཚེས་༨ཉིན་སྤེལ། ཕྱི་ལོ་༢༠༡༦ཟླ་༣ཚེས་༤ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུའི་འཕྲོད་བཞེས་ལེགས་གྲུབ་ཀྱིས་མ་ཡོ་སྨན་ཁང་ནས་ཕྱིར་ཕེབས་སྐབས་ཕེབས་ལམ་དུ་དད་ལྡན་མང་ཚོགས་ལ་ད་ལན་སྨན་བཅོས་ཧ་ཅང་ལས་སླ་པོ་བྱུང་བ་དང་འཛམ་གླིང་གང་སར་ཡོད་པའི་དད་ལྡན་སེར་སྐྱ་མང་ཚོགས་ལ་བློ་བདེ་པོ་གྱིས་ཞེས་བཀའ་སློབ་སྩལ་གནང་ཡོད་འདུག

དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུའི་འཕྲོད་བཞེས་ལེགས་གྲུབ་ཀྱིས་ཨ་རིའི་མ་ཡོ་སྨན་ཁང་དུ་སྐུའི་འཕྲོད་བཞེས་ལེགས་གྲུབ་བྱུང་ལུགས་སྐོར་བཀའ་སློབ་སྩལ་དོན། "ཁྱེད་རང་ཚོ་བློ་བདེ་པོ་གྱིས། ད་ལན་སྨན་བཅོས་ཧ་ཅང་ལས་སླ་པོ་བྱུང༌། ཟླ་བ་གཅིག་ལྷག་ཙམ་རིང་ངོས་རང་ངལ་གསོ་ལྟ་བུ་རེད་འདུག ཧ་ཅང་སྐྱིད་པོ་བྱུང༌། ཁྱེད་རང་ཚོ་ཚང་མས་ལྷག་བསམ་དང༌། དད་པ་གཡོ་བ་མེད་པར་ཐུགས་རྗེ་ཆེ། བོད་མི་ས་ཡ་དྲུག་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་དེ་དག་གིས་རྒྱ་ནག་གཞུང་ནས་བོད་ལ་དབང་བསྒྱུར་བྱས་ནས་ལོ་དྲུག་ཅུ་ཙམ་འགྲོ་བཞིན་ཡོད་ཀྱང༌། ངོས་ནས་རྒྱུན་གཏན་བརྗོད་མུས་ལྟར། རྒྱ་མིས་བོད་བཟས་ཀྱང་ཕོ་བས་འཇུ་མ་ཐུབ་པར་ལུས་ཡོད་ཅེས་སྔར་ནས་བརྗོད་པ་ལྟར། ད་ལྟའང་གནས་སྟངས་དེ་རང་དུ་ལུས་ཡོད། བོད་མི་རིགས་ཀྱི་མི་རབས་རྒན་པ་རྣམས་རྫོགས་བཞིན་ཡོད། འོན་ཀྱང་མཇུག་མཐུད་ནས་ཡོང་མཁན་མི་རབས་གཞོན་པ་རྣམས་ཀྱིས་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་འཁྱེར་བཞིན་ཡོད།" ཅེས་གསུངས་འདུག

མགོན་པོ་གང་ཉིད་ནས་བོད་ཀྱི་ཆོས་དང་རིག་སྐོར་གསུངས་དོན། "སྔ་ལོ་ཕྱི་ཟླ་༡༡པའི་ནང་ལྡི་ལིར་ཚན་རིག་ཚོགས་འདུའི་སྐབས་སུ་བོད་པའི་སློབ་ཕྲུག་གང་འཚམ་ཞིག་འདུག་ཅིང༌། སྐབས་དེར་སྐད་ཆ་ཞིག་བྱུང་བར་བོད་ཀྱི་བདེན་མཐའ་དེ་ཉིད་ཤུགས་ཇེ་ཆེར་འགྲོ་ངེས་ཡིན། གང་ལགས་ཤེ་ན། བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ལ་དེང་སྐབས་འཛམ་གླིང་འདིའི་ཐོག་ནས་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོས་དེ་སྔ་ཕན་ཆད་འཛམ་གླིང་ཐོག་འབྲེལ་བ་བྱེད་མ་ཐུབ་པ་དང༌། སྐད་ཡིག་གི་ཆ་ནས་མ་འདང་བའི་དཀའ་ངལ་འཕྲད་ཡོད། དེང་སྐབས་འཛམ་གླིང་འདིའི་ཐོག་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་བཞིན་ཡོད་པ་དང༌། སངས་རྒྱས་པའི་ཆོས་ཀྱི་ནང་དུ་བོད་མིས་སློབ་སྦྱོང་དང་ཉམས་ལེན་བྱ་རྒྱུའི་ཆོས་འདི་ལས་ལྷག་པ་ཞིག་འཛམ་གླིང་འདིའི་ཐོག་མེད་ལ་ཧ་ཅང་གསལ་པོ་ཡིན། དེ་དག་གི་འགྲེལ་བཤད་བྱེད་པ་ལའང་བོད་པའི་སྐད་ཡིག་ལས་ལྷག་པ་གཅིག་ཀྱང་མེད། དེ་དག་ནི་ང་ཚོ་བོད་མི་རིགས་ཀྱི་སྙིང་སྟོབས་མཚོན་པ་དང༌། བོད་མི་རིགས་ཀྱི་རྣམ་དཔྱོད་ཇི་ལྟ་བུ་ཞིག་ཡོད་པ་མཚོན་ཐུབ་པ་ཞིག་ཡིན།" ཞེས་མུ་མཐུད་གསུངས་འདུག

ཡང་ྋགོང་ས་མཆོག་གིས་ནང་བསྟན་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་འབྲེལ་བའི་སྐོར་གསུངས་དོན། "སྤྱིར་བཏང་ཚན་རིག་པ་རྣམས་རྣམ་དཔྱོད་བཀྲ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད། དེང་སྐབས་ཚན་རིག་པ་རྣམས་ཀྱིས་ཀྱང་ནང་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད། འཛམ་གླིང་འདིའི་ཐོག་ནས་དོ་སྣང་ཇི་ཙམ་ཡོད་པ་དེ་སྲིད་དུ་བོད་མི་རིགས་ལ་ཆེ་མཐོང་སླེབས་ངེས་ཡིན་ལ། ལྷག་པར་རྒྱ་ནག་ནང་དུ་ཆ་མཚོན་ན། ད་ལྟ་རྒྱ་ནག་གུང་ཁྲན་ཏང་གཅིག་སྡུད་རིང་ལུགས་འོག་མནན་ནས་བསྡད་པ་ལས། རྒྱ་རིགས་ས་ཡ་བཞི་བརྒྱ་ལྷག་ཙམ་གྱིས་ནང་ཆོས་བྱེད་བཞིན་ཡོད་པར་མ་ཟད། དེ་བཞིན་ནང་པ་མང་པོ་ཞིག་གིས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་ལྷོད་ཡངས་སུ་གཏན་ནས་གཏོང་རྒྱུ་མེད་ལ། ང་ཚོས་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་ཞིག་ཡིན།" ཞེས་བཀའ་སློབ་སྩལ་གནང་འདུག་པ་བཅས་ཀྱི་གསར་གནས་མདོར་བསྡུས་སུ།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།