༧གོང་ས་མཆོག་ཨི་ཊ་ལི་རུ་ཞབས་སོ་འཁོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༡༦ཉིན་སྤེལ། དེ་རིང་ཞོགས་པར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་རྒྱལ་ཁབ་ཀྱིས་གནས་རང་སྐྱོང་ཁུལ་བྷོ་རྫལ་ནོར་དུ་ཞབས་སོ་འཁོད་ཡོད་འདུག ས་གནས་དེའི་སྲིད་འཛིན་ལོའི་སི་དྷ་རན་ཝལ་ཌལ་མཆོག་བྷོ་རྫ་ནོ་གནམ་ཐང་དུ་ཕེབས་བསུ་ཞུ་བར་བཅར་ཡོད་འདུག་པ་དང༌། གང་ཉིད་བཞུགས་སའི་མགྲོན་ཁང་དུ་ཆིབས་བསྒྱུར་སྐབས་ས་གནས་ཨི་ཊ་ལིའི་མི་མང་དང་བོད་རིགས་ཚོས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག

སྤྱི་ཚེས་༡༧ཉིན་གྱི་ཞོགས་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དབྱི་ཊ་ལའི་ལྷོ་ཁྲ་རོ་སྲིད་གཞུང་གི་སྲིད་འཛིན་ལོའོ་སི་དྷ་རན་ཝལ་ཌལ་མཆོག་མཇལ་འཕྲད་གནང་རྒྱུ་ཡིན་འདུག་ལ། དེ་ཉིན་ཕྱི་དྲོ་ཁྲི་རན་ཁྲོའོ་ཞེས་པའི་ས་གནས་རང་སྐྱོང་ཁུལ་དེར་གཟིགས་སྐོར་དུ་ཕེབས་རྒྱུ་དང༌། སྲིད་འཛིན་ལོ་རིན་རྫོ་དྷི་ལིའེ་མཆོག་གིས་གུང་ཚིགས་གསོལ་བསྟོད་ཞིག་ཀྱང་འབུལ་རྒྱུ་ཡིན་འདུག

ས་གནས་ཊེ་རན་ཊི་རོལ་དུ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷན་ཚོགས་ཤིག་གི་ཐོག་ས་ཁུལ་རང་སྐྱོང་སྲིད་གཞུང་དང༌། རིག་གཞུང་གི་ངོ་བོ། མི་རིགས་མང་པོའི་ཆིག་སྒྲིལ། དེ་བཞིན་བོད་དོན་ཆེད་ཉམས་མྱོངས་ཀྱི་འགྲན་བསྡུར་སོགས་ཀྱི་སྐོར་བཀའ་སློབ་དང་གསུངས་བཤད་གནང་རྒྱུ་ཡིན་འདུག་ལ། དེ་བཞིན་སྲིད་འཛིན་ལོའི་སི་དྷ་རན་ཝལ་ཌལ་མཆོག་དང་སྲིད་འཛིན་ལོ་རིན་རྫོ་དྷི་ལིའེ་མཆོག་གཉིས་ཀས་ཀྱང་གསུང་བཤད་གནང་རྒྱུ་ཡིན་འདུག ལྷན་ཚོགས་དེའི་གོ་སྒྲིག་ཞུ་མཁན་ནི་ཁྲི་རན་ཁྲོ་ས་གནས་རང་སྐྱོང་ཁུལ་དུ་ཡོད་པའི་ཊེ་རན་ཊི་རོལ་ཁྲིམས་མཐུན་མཉམ་ལས་ཚན་རིག་སློབ་གྲྭ་ཆེན་མོ་དང་བྷོ་རྫལ་དུ་ཡོད་པའི་ཡོ་རོབ་གཙུག་ལག་སློབ་གཉེར་ཁང་གཉིས་ཡིན་འདུག

ཐེངས་འདིར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཊི་རོལ་ས་གནས་སྲིད་གཞུང་དང་ཨི་ཊ་ལའི་བྱང་ཕྱོགས་སུ་ཡོད་པའི་ཁྲོ་རན་ཁྲོ་ས་གནས་རང་སྐྱོང་ཁུལ་གཉིས་ཀྱི་དམིགས་གསལ་གྱི་སྐུ་མགྲོན་དུ་གནད་ཞུ་བྱས་པ་ཞིག་ཡིན་འདུག སྤྱི་ཚེས་༡༧ཉིན་གྱི་དགོང་མོར་དབྱི་ཊ་ལའི་རྒྱལ་ས་རོམ་དུ་ཆིབས་བསྒྱུར་གནང་རྒྱུ་དང༌། སྤྱི་ཚེས་༡༨ཉིན་དབྱི་ཊ་ལིའི་རྒྱལ་ས་རོམ་དུ་གྲོས་ཚོགས་འཐུས་མི་བརྒྱ་ལྷག་ཙམ་ཡོད་པའི་སྐབས་ལྔ་པའི་གལ་ཆེན་བོད་དོན་ལྷན་ཚོགས་དེའི་སྐབས་དབུ་འབྱེད་བཀའ་སློབ་ཡང་གནང་རྒྱུ་ཡིན་འདུག ཉིན་གཉིས་རིང་གི་བོད་དོན་ལྷན་ཚོགས་དེ་ནི་དབྱི་ཊ་ལིའི་གྲོས་ཚོགས་འོག་མའི་ཚོགས་ཁང་དུ་འཚོགས་རྒྱུ་ཡིན་འདུག་ལ། ལྷན་ཚོགས་དེའི་གོ་སྒྲིག་ཞུ་མཁན་ནི་དབྱི་ཊ་ལའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་འདུག དེའི་སྐབས་སུ་དབྱི་ཊ་ལིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གྷན་ཧྥ་རན་ཀོ་པི་ནི་མཆོག་གིས་གྲོས་ཚོགས་ནང་༧གོང་ས་མཆོག་དང་མཇལ་ཁ་ཞུ་རྒྱུ་ཡིན་པས་མ་ཚད་གསུངས་བཤད་ཡང་གནང་རྒྱུ་ཡིན་འདུག

དེ་ཡང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་དང་པོ་དེ་སྤྱི་ལོ་༡༩༩༤ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཚོགས་ཡོད་འདུག་པ་དང༌། ལིད་ཐའ་ནི་ཝ་། ཨ་རིའི་རྒྱལ་ས་ཝ་ཤིན་ཁྲོན། དེ་རྗེས་དབྱི་ཇི་སོགས་སུ་རིམ་པར་ཚོགས་ཡོད་འདུག་ལ། ཐེངས་འདི་བོད་དོན་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་འདུག

འདི་ལོའི་སྤྱི་ཟླ་༢པའི་ཚེས་༩ཉིན་༧གོང་ས་མཆོག་ཨི་ཊ་ལི་དུ་ཆིབས་བསྒྱུར་སྐབས་དབྱི་ཊ་ལིའི་མི་སེར་གྱི་ཐོབ་ཐང་འབུལ་བཞེས་གནང་ཡོད་པ་རེད། འདི་ཟླའི་ཚེས་༡༩ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱིར་རྒྱ་གར་དུ་ཞབས་སོ་བཀོད་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།