ྋགོང་ས་མཆོག་ལ་བསམ་བློའི་ས་ཁྲའི་སྐོར་ཚན་རིག་པས་སྙན་གསེང་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༣ཚེས་༤ཉིན་སྤེལ། ཨ་རིའི་སེམས་ཁམས་ཚན་རིག་པ་ཞིག་གིས་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་བསམ་བློའི་ས་ཁྲའི་ལས་འཆར་ཞིག་ཡོད་པ་དེའི་སྐོར་སྙན་གསེང་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་༢༠༡༦ཟླ་༢ཚེས་༢༢ཉིན་ྋགོང་ས་མཆོག་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་གྲོང་ཁྱེར་རུ་ཆི་སི་ཊེར་ Rochester ནང་སྐུ་ངལ་གསོ་བཞུགས་མཛད་སྐབས་དང་བསྟུན། སེམས་ཁམས་ཚན་རིག་པ་སྐུ་ཞབས་པོལ་ཨེག་མེན་ Paul Ekman ལགས་ཀྱི་བུ་མོ་འབུམ་རམས་པ་ལྕམ་སྐུ་ཨིབ་ཨེག་མེན་ Dr. Eve Ekman ལགས་ཀྱིས་ྋགོང་ས་མཆོག་མཇལ་བཅར་ཞུས་ནས་ཁོང་མོའི་ཡབ་ཀྱིས་དབུ་འཛུགས་གནང་བའི་བསམ་བློའི་ས་ཁྲ་བཟོ་རྒྱུའི་ལས་དོན་ཇི་ལྟར་འགྲོ་བཞིན་ཡོད་སྐོར་སྙན་གསེང་ཞུས་འདུག སྐབས་དེར་ལྕམ་སྐུས་ྋགོང་ས་མཆོག་ལ་བསམ་བློའི་ས་ཁྲའི་རག་ཟིན་ཞིག་སྤྱན་འབུལ་ཞུས་པ་དང་སྦྲགས། ལས་འཆར་གྱི་དམིགས་ཡུལ་གཙོ་བོ་ནི་གཞན་ལ་ཕན་པ་བསྒྲུབ་རྒྱུ་ཙམ་མ་ཟད། ཚན་རིག་གི་ཤེས་བྱ་རྒྱ་སྐྱེད་གཏོང་ཆེད་ཡིན་སྐོར་དང༌། རག་ཟིན་དེའི་ཁྲོད་ལྕམ་སྐུས་ྋགོང་ས་མཆོག་དང་ལྷན་རྣམ་རྟོག་འདྲ་མིན་ཡོད་པའི་སྐོར་བཀའ་བསྡུར་ཞུས་པ་མ་ཟད། ཁོང་ཁྲོ་ནི་སེམས་ངལ་དང་ཡིད་གདུང༌།

ཞེ་སྡང་སོགས་དང་འབྲེལ་བ་ཆེ་ཤོས་ཡོད་སྐོར་སྙན་གསེང་ཞུ་སྐབས་ྋགོང་ས་མཆོག་གིས་སྐབས་དེར་བཀའ་སློབ་སྩལ་དོན། ཁོང་ཁྲོ་དེ་མི་མཐུན་ཕྱོགས་ཀྱི་བློ་ཡིན། འོན་ཀྱང་སྐབས་རེ་དེས་རྐྱེན་བྱས་ནས་སྙིང་སྟོབས་སྐྱེ་ཐུབ་པ་དང༌། སྙིང་སྟོབས་དེ་མཐུན་པའི་ཕྱོགས་སུ་བཀོལ་ཐུབ་པ་དེ་འདྲ་ཡོང་ཆོག འོན་ཀྱང་ཁོང་ཁྲོའི་བློ་དེ་ཉིད་མཐུན་པའི་ངོ་བོར་འགྱུར་རྒྱུ་ཡོད་མེད་མི་ཤེས། ཞེས་བཀའ་སྩོལ་སྐབས་ལྕམ་སྐུ་ཨེག་མེན་ལགས་ཀྱིས་ཁོང་ཁྲོ་ལང་སྐབས་ཁོང་ཁྲོ་དེ་བཟང་པོའི་ཕྱོགས་སུ་བེད་སྤྱོད་ཇི་ལྟར་གཏོང་ཐུབ་མིན་ཐད་ང་ཚོས་བསམ་ཞིབ་བྱེད་ཐུབ་མིན་དྲི་བ་ཞིག་རེད། ཅེས་ཞུས་སྐབས་མགོན་པོ་གང་ཉིད་མཆོག་གིས་དབང་ཤེས་དང་ཡིད་བློའི་ཁྱད་པར་མྱོང་བའི་དབར་གྱི་ཁྱད་པར་ཡོད་སྐོར་བཀའ་སློབ་སྩལ།

སྐབས་དེར་ལྕམ་སྐུས་འབྱུང་འགྱུར་ལས་གཞི་དེའི་ཐོག་མདུན་སྐྱོད་ཇི་ལྟར་བྱེད་དགོས་མིན་ཐད་བླང་དོར་བཀའ་སློབ་ཞུས་པ་མ་ཟད། གཞན་ཕན་གྱི་བྱ་བ་ཇི་ལྟར་སྤེལ་དགོས་མིན་ཐད་ལམ་སྟོན་ཞུས་པར་ྋགོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཚ་བས་གྲང་རེག་སེལ་བ་ལྟར་ཁོང་ཁྲོ་དང་བྱམས་པ་གཉིས་འགལ་ཟླ་རེད། ཉོན་མོངས་དེ་དག་ལ་གཉེན་པོ་ཇི་ལྟར་བསྟེན་དགོས་པ་ཤེས་དགོས། གཡོལ་ཐབས་བྱས་པ་དེས་གནས་སྐབས་ཙམ་ལས་ཕན་རྒྱུ་མེད། ཡུན་གནས་ཐུབ་པའི་ཐབས་ལམ་ནི་གཞན་གྱི་སྐྱོན་ལ་ཡོན་ཏན་ཏུ་ལྟ་ཐུབ་པ་བྱ་རྒྱུ་དེ་ཡིན། ཉོན་མོངས་པའི་བློ་དེ་དག་གི་གཞན་དབང་དུ་སོང་ན་ཕན་རྒྱུ་རྩ་བ་ནས་མེད་སྟབས་ཉོན་མོངས་པའི་བློ་དེ་དག་གཉེན་པོ་བསྟེན་སྟངས་ཐོག་དོ་སྣང་བྱས་ནས་རང་རྒྱུད་ལ་ཉོན་མོངས་ཀྱི་བློ་སྐྱེས་སྐབས་དེར་གཉེན་པོ་བསྟེན་ནས་འགོག་ཐབས་བྱ་རྒྱུ་གལ་ཆེན་པོ་རེད།

བསམ་བློའི་ས་ཁྲ་བཟོ་རྒྱུའི་ལས་གཞི་འདི་ད་ལྟ་རག་ཟིན་བཟོ་བཞིན་ཡོད་སྟབས་དོ་དབྱིངས་ཅན་ནས་བློ་སྐྱེད་དང་ཁ་གནོན་བླངས་པའམ་ཁོང་རྣམས་དང་ལྷན་གོ་བསྡུར་བྱེད་ཐུབ་ཚེ་དགེ་ཚན་ཆེ་སྐོར་བཀའ་ལན་སྩོལ་སྐབས་ལྕམ་སྐུས་དེ་འདྲ་བྱེད་སྟངས་དེ་དྲ་ལམ་ཐོག་ནས་མགྱོགས་མྱུར་གོ་སྐབས་ཐོབ་རྒྱུ་ཡིན་སྐོར་སྙན་གསེང་ཞུས་འདུག་པ་བཅས།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།