ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ སྐྱོན་བརྗོད་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢ །༢༢ ཉིན་སྤེལ། ཕྱི་ཚེས་ ༡༦ ཉིན་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་ལམ། ཞེས་པའི་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་དུ་འཁོད་པ་ལྟར་ན། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་མང་མོས་རྒྱབ་སྐྱོར་གྱིས་བོད་དང་ཤར་ཏུར་ཀི་སི་ཏན། རྒྱ་ནག་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་པར་སྐྱོན་འཛུགས་ཡོད་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་བཀོད་པའི་གནས་ཚུལ་ལ་གཞིགས་ན། སྙན་ཐོ་དེ་ནི། ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པ་དང་། སྙན་ཐོ་དེའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྐྱེན་གྱིས། བོད་མིས་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཇེ་མང་དུ་ཕྱིན་པ། རང་ལུས་མེར་སྲེག་གཏོང་མཁན་དང་འབྲེལ་བ་ཡོད་པ་རྣམས་ལ་ཉེས་ཆད་གཏོང་རྒྱུར་དམིགས་ཏེ་ཉེ་ཆར་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་དང་འབྲེལ་བའི་གནས་ཚུལ་རིགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བརྩི་རྒྱུའི་ཁྲིམས་གཞི་བཟོས་པ་བཅས་ཀྱི་ཐད་ཐུགས་འཚབ་ཆེན་པོ་ཡོད་ལུགས་དང་། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ནས་ད་ལྟའི་བར་དུ་བོད་མི་ ༡༤༢ ཙམ་གྱིས་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བ་དེའི་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་དང་རིག་གཞུང་ལ་ཇི་ཙམ་སྣང་ཆུང་བྱེད་བཞིན་ཡོད་པའི་ཐད་སེམས་ཚབས་ཆེན་པོ་ཡོད་པ་སོགས་ཀྱི་གནས་ཚུལ་སྙན་ཐོ་དེའི་ནང་བཀོད་ཡོད་པར་འཁོད་པ་ཅེས་དང་།

གཞན་ཡང་་བོད་ཀྱི་བདེན་དོན་སེལ་ཆེད་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རང་བཙན་བསྐྱར་གསོ་དང་། རྒྱ་ནག་ནས་ཁ་བྲལ་དུ་འགྲོ་རྒྱུ་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་ལྡན་མིང་དོན་མཚུངས་པ་ཞིག་རྩོད་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལའང་ངོས་ལེན་མ་བྱས་པ་མ་ཟད། བོད་ཀྱི་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་ཀྱི་བརྒྱུད་ལམ་གཙོ་བོ་རྒྱ་སྐད་ཐོག་སློབ་ཁྲིད་བྱེད་འཆར་ཡོད་པར་སེམས་ཚབས་ཧ་ཅང་ཆེན་པོ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཐོག་མུ་མཐུད་འཛིན་བཞིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་། བོད་མི་ཚོའི་སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་ཞུ་དགོས་པ་མ་ཟད། ཕྱི་ལོ་ ༢༠༡༠ ལོར་བོད་རྒྱ་འབྲེལ་མོལ་མཐའ་མ་བྱུང་ནས་ད་བར་སྐྱར་མཐུད་མ་ཐུབ་སྟབས། འབྲེལ་ལམ་གང་མགྱོགས་སྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་ཡང་གནང་འདུག

བོད་ནང་༸གོང་ས་མཆོག་གི་༸སྐུ་པར་བདག་ཉར་བྱ་རྒྱུར་དམ་བསྒྲགས་དང། བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་འབྲལ་གྱི་ཉེས་འཛུགས་བྱས་དང་བྱེད་བཞིན་པའི་བྱ་སྤྱོད་དེར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ངོས་ལེན་བྱ་ཐབས་བྲལ་ལུགས་སྐྱོན་འཛུགས་དང་། དེ་བཞིན་ཕྱི་ལོ་ ༢༠༠༦ ནས་རྒྱ་ནག་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ New Socialist Village ཞེས་པའི་ལས་གཞིའི་འོག་བོད་པའི་འབྲོག་པ་ས་ཡ་ ༢ ཙམ་ལ་བཙན་དབང་གིས་གཞིས་སྤོ་བྱས་ཏེ་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར་གྱི་མདུན་ལམ་མེད་པ་དང་། བོད་ནང་རྒྱ་རིགས་ཧན་མི་རིགས་མང་པོ་གཞིས་སྤོ་བྱེད་བཞིན་པ། དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་གཙོས་ཚབ་སྲིད་བཙོན་པ་རྣམས་ལ་བཙན་དབང་གི་མནར་གཅོད་ཚད་མེད་དང་། སྨན་བཅོས་ཀྱི་ཐོབ་ཐང་མེད་པ་སོགས་ལའང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པར་བཀོད་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།