གནོད་ཚབས་ཅན་གྱི་ནད་འབུའི་ནུས་སྟོབས་ཆེ་རུ་འགྲོ་བཞིན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢།༡༥ཉིན་སྤེལ། རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ནད་འབུ་འགོག་བྱེད་ཀྱི་སྨན་མི་ལས་སྒོ་ཕྱུགས་ཀྱི་སྟེང་དུ་བེད་སྤྱོད་བྱེད་པ་མང་པས་དེ་ནི་ཡིད་ཆེས་དཀའ་བ་ཞིག་ཡིན་པར་བརྗོད་འདུག

ཉེ་ཆར་༢༠༡༥།༡༢།༡༠་ཉིན་རྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཤ་རློན་པ་དང་མ་འཚོས་པའི་ཤ་ཟོས་ན་མིའི་རིགས་ལ་གནོད་ཚབས་ཆེ་བའི་ཉེན་བརྡའི་སྙན་ཐོ་གསར་བ་ཞིག་ཐོན་ཡོད་འདུག

སྙན་ཐོ་དེའི་མིང་ལ་ནད་འབུ་འགོག་སྨན་ཨིན་ཁྲེས་མེ་ཁོར་བྷོལ་ (antimicrobial) གྱི་འགོག་ཤུགས་ལ་བསྐྱར་ཞིབ་ཟེར། ཞིབ་འཇུག་པ་སྐོར་ཞིག་གིས་ཟ་མའི་ནང་དུ་ཇི་ལྟར་ནད་འབུ (bug) ཡི་ནུས་སྟོབས་ཆེ་རུ་འགྲོ་བར་དཔྱད་ཞིབ་བྱས་ཡོད་པ་དང་། སྙན་ཞུ་བ་ཚོས་བཤད་པ་ལྟར་ན་སྙན་ཐོ་དེའི་ནང་དུ་ཞིང་གྲོང་བ་ཚོས་བེད་སྤྱོད་བྱེད་པའི་ནད་འབུ་འགོག་སྨན་(antibiotic) དེས་སྲིན་འབུ (bug) ཡི་ནུས་སྟོབས་ཆེ་རུ་གཏོང་གི་ཡོད་པས། ང་ཚོའི་སྨན་གྱིས་ནུས་པ་དེ་འདྲ་ཐོན་ཐུབ་ཀྱི་མེད་པར་འགྲེལ་བརྗོད་བྱས་ཡོད་འདུག

གཞན་ཡང་ཁོ་ཚོས་བཤད་རྒྱུར་ཞིང་གྲོང་བ་ཚོས་ཞིང་ཕྱུག་འཚོ་ཉར་བྱེད་པའི་སྐབས་སུ་ནད་འབུ་འགོག་བྱེད་ཀྱི་སྨན་མང་པོ་བེད་སྤྱོད་བྱེད་པ་དེ་ནི། འཛམ་གླིང་ཡོངས་ཀྱི་མིའི་བདེ་ཐང་ལ་གནོད་ཚབས་ཅན་ཞིག་ཡིན་པས། ཞིང་གྲོང་བ་ཚོས་སྒོ་ཕྱུག་ལ་སྤྲོད་བཞིན་པའི་ནད་འབུ་འགོག་བྱེད་ཀྱི་སྨན་རྫས་བེད་སྤྱོད་ཉུང་རུ་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཤད་ཡོད་པ་དང་། ཡང་ཞིབ་འཇུག་ཚོགས་པའི་འགོ་གཙོ་སྐུ་ཞབས་ལྗེམ་འོ་ནེའུ Jim O’Neill ཡིས་གསུང་དོན། གལ་སྲིད་ང་ཚོས་མི་ཚེ་བདེ་ཐང་ཅན་ཞིག་ཡོང་བསམ་ན་ཞིང་གྲོང་བ་ཚོས་ནད་འབུ་འགོག་སྨན་གྱི་རྫས་བེད་སྤྱོད་བྱེད་རྒྱུ་ཉུང་དུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་ཆར་ང་ཚོའི་ནད་འབུ་འགོག་སྨན་གྱིས་ནུས་པ་གང་འཚམས་ཐོན་ཐུབ་པའི་སྐོར་གསལ་བཤད་བྱས་ཡོད་འདུག
 
དེ་ཡང་ཁོང་གིས་གསུང་རྒྱུར། ཞིང་གྲོང་བ་ཚོས་སྒོ་ཕྱུག་ལ་ནད་འབུ་འགོག་སྨན་གྱི་རྫས་མང་པོ་སྤྲོད་ཀྱི་ཡོད་པས། ང་ཚོས་ནན་ཏན་བྱས་ནས་ཞིང་གྲོང་བ་ཚོས་ནད་འབུའི་འགོག་སྨན་བེད་སྤྱོད་བྱེད་པ་ཉུང་དུ་གཏོང་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན་ཞེས་བརྗོད་ཡོད་འདུག

དེ་མིན་ཁོང་གིས་མུ་མཐུད་ནས་གསུང་དོན། ངས་ཤེས་རྟོགས་བྱུང་བར་གཞིགས་ན་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ནད་འབུ་འགོག་བྱེད་ཀྱི་སྨན་མི་ལས་སྒོ་ཕྱུགས་ཀྱི་སྟེང་དུ་བེད་སྤྱོད་བྱེད་པ་མང་པས་དེ་ནི་ཡིད་ཆེས་དཀའ་བ་ཞིག་རེད། འདིིས་འགྲོ་བ་མི་ཡོད་ཚད་ལ་ཉེན་ཁ་ཆེན་པོ་ཞིག་བཟོ་ཡི་ཡོད། གལ་སྲིད་ཤ་མ་འཚོས་པ་དང་རློན་པར་ཟོས་ན་མི་མང་པོ་ལ་ནད་འབུ་(superbug)ལས་ན་ཚ་ཡོང་ངེས་རེད། བདག་གིས་ཤ་ཟ་མཁན་ཚོར་བཤད་རྒྱུ་ཞིག་ལ་རང་ཉིད་ཀྱིས་ཟ་རྒྱུའི་ཤ་དེ་ཡག་པོ་འཚོས་ཡོད་མེད་དང་གང་ནས་སླེབས་པ་ཤེས་རྒྱུ་དེ་གལ་ཆེན་པོ་ཞིག་ཡིན་ཞེས་འགྲེལ་བརྗོད་བྱས་པ་བཅས།།


གསར་འགོད་པ། ཚེ་བརྟན་བཀྲ་ཤིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།