བོད་འདྲ་བའི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་མི་ཚེའི་ནང་མཐོང་མ་མྱོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༡།༡༣ཉིན་སྤེལ། ངས་བོད་རྒྱ་གཉིས་ཀྱི་རིག་གཞུང་དང་། གོམས་གཤིས། སྐད་ཡིག་བཅས་ཐ་དད་ཡིན་པ་ཤེས་རྗེས་མི་རིགས་སོ་སོའི་གོམས་གཤིས་དེ་མི་རིགས་རང་ངོས་ནས་བརྒྱུད་འཛིན་དར་སྤེལ་བྱ་རྒྱུ་དང༌། ལྷག་པར་དུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་རྒྱུ་དེ་བས་གལ་ཆེན་པོ་ཡིན་པ་མཐོང་སོང༌།

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བོད་ནང་སྐོར་སྐྱོད་ཕེབས་མཁན་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་རྒྱ་རིགས་ཤིག་དྷ་སར་ཕེབས་སྐབས་བཅར་འདྲི་བྱས་པར་ཁོང་གིས་གསུང་དོན།  ཁོང་གིས་བོད་ལ་འགྲོ་དགོས་པའི་རྒྱུ་མཚན་གཙོ་བོ་ནི།  དང་པོ། དངོས་གནས་བྱས་ན་པེ་ཅིང་ནས་ཡུན་ནན་དུ་བསྐྱོད་རྒྱུའི་འཆར་གཞི་ཡིན་ན་ཡང་ལམ་བར་དུ་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་ཐུག་འཕྲད་བྱུང་། ཁོང་ནི་དེ་སྔོན་ལོ་གཉིས་རིང་གོམ་བགྲོད་གནང་ནས་རྒྱ་ནག་རྒྱལ་ཡོངས་སུ་ཡུལ་སྐོར་འགྲོ་མྱོང་ཡོད་པ་ཞིག་རེད་འདུག ཁོང་གིས་བརྗོད་དོན་ཁྲན་ཏུ་ནས་ཡུན་ནན་བར་འགྲོ་ཡི་ཡོད་ན་བོད་ཀྱི་ས་ཁུལ་དུ་བལྟ་བར་འགྲོ་ན་ཧ་ཅང་ལེགས་པོ་ཡོད་པ་རེད།  རྒྱུ་མཚན་བོད་འདྲ་བའི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ངའི་མི་ཚེའི་ནང་མཐོང་མྱོང་མེད་ཅེས་བརྗོད་བྱུང༌།

གཉིས་པ། བོད་ལ་ཡོད་པའི་རི་བོ་མཐོ་ཚད་རྒྱ་མཚོའི་ངོས་ནས་རྨིཊར༥༠༠༠ལྷག་གི་སར་འཛེགས་རྒྱུར་གདོང་ལེན་བྱེད་པའི་ཆེད་དུ་ཡིན།  གསུམ་པ། བོད་ཀྱི་གནད་དོནདང་།  བོད་མིའི་གོམས་གཤིས་བཅས་ཀྱི་སྐོར་ལ་ཤེས་རྟོགས་བྱ་རྒྱུར་ང་རང་ལ་སྤྲོ་སྣང་ཆེན་པོ་ཡོད། གཞན་ཡང་ཁོང་གི་བརྗོད་དོན་དྲ་རྒྱ་གཅིག་པུར་བལྟ་ནས་བོད་རྒྱུས་མངའ་བྱེད་ཐུབ་པས་འགྲིག་གི་མི་འདུག རང་ངོས་ནས་བོད་དེ་ཇི་འདྲ་ཡིན་མིན་བལྟ་རྒྱུ་བྱུང་ན་བསམ་པ་ཞིག་ཡིན།

ཁོང་གིས་བོད་སྤྱི་ཡོངས་ཀྱི་མཐོང་ཚུལ་སྐོར་ལ་བརྗོད་དོན། ངའི་ཐེངས་འདིའི་བོད་ནང་གི་སྐོར་སྐྱོད་ས་ཆ་ནི། ཁྲན་ཏུ་ནས་༣༡༨གཞུང་ལམ་བརྒྱུད་ནས་བོད་ཀྱི་ས་ཆ་དར་རྩེ་མདོ་དང༌། ལི་ཐང༌། ཡུན་ནན། ཆ་འཕྲིན། རྒྱལ་རོང་བཅས་ལ་ཕྱིན་པ་ཡིན། དེ་སྔོན་ང་རང་བོད་ནང་རྩ་བ་ནས་འགྲོ་མྱོང་མེད། གློ་བུར་དུ་བོད་ཀྱི་རི་མཐོ་གཡང་གཟར་ཐོག་འཛེགས་ནས་བལྟ་སྐབས་རྒྱལ་ཁབ་མི་འདྲ་བ་ཞིག་ལ་སླེབས་པའི་ཚོར་སྣང་བྱུང་སོང༌། རྒྱུ་མཚན་གང་ཡིན་བརྗོད་ན། བོད་མི་རྣམས་ཀྱིས་གྱོན་གོས་དང༌། ཁ་ཟས། སྐད་ཡིག གོམས་གཤིས་བཅས་རྩ་བའི་ཆ་ནས་ལོག་སུ་ཐ་དད་ཡིན་པ་ཤེས་རྟོགས་བྱུང་། ཡིན་ཡང་གྲོང་རྡལ་དང་ས་ཁུལ་ཁག་ནང་རྒྱ་མི་རིགས་དང་བོད་མི་རིགས་མཉམ་འདྲེས་བྱས་ནས་བསྡད་ཡོད་པ་མཐོང་སོང༌ལ་ཚོང་ཁང་དང་ཟ་ཁང་བཅས་མང་ཆེ་བ་རྒྱ་མིས་འཚོང་ལས་བྱེད་ཀྱི་ཡོད་པ་མ་ཟད་མང་ཆེ་བས་རྒྱ་ཡིག་བེད་སྤྱོད་བྱེད་ཀྱི་ཡོད་པ་མཐོང་སོང༌།

བོད་ལ་སླེབས་རྗེས་ང་རང་སྡོད་ས་འབྲོག་གུར་ནད་བསྡད་པ་ཡིན། སྡོད་སའི་འབྲོག་གུར་ནང་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མཐོང་རྒྱུ་མི་འདུག བོད་ནང་གནད་དོན་དེའི་སྐོར་ལ་དམ་དྲགས་བྱེད་ཀྱི་ཡོད་པ་ཤེས་བྱུང་། ངས་ལམ་བར་ཡོང་སྐབས་དམག་མིའི་རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་འགྲོ་བསྐྱོད་བྱེད་ཀྱི་འདུག  ད་དུང་ངས་བོད་ཀྱི་ས་ཆ་མང་པོར་སྐོར་སྐྱོད་བྱེད་སྐབས། ས་ཁུལ་དང་གྲོང་རྡལ་ཁག་གང་སར་རྒྱ་ནག་གཞུང་གིས་འཛུགས་བསྐྲུན་དང་རྒྱ་སྐྱེད་ཤུགས་ཆེན་པོ་བྱས་པའི་རྐྱེན་གྱིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་པའི་ཚོར་སྣང་བྱུང་།  ད་དུང་ངས་བོད་རྒྱ་གཉིས་ཀྱི་རིག་གཞུང་དང་། གོམས་གཤིས། སྐད་ཡིག་བཅས་ཐ་དད་ཡིན་པ་ཤེས་རྗེས་མི་རིགས་སོ་སོའི་གོམས་གཤིས་དེ་མི་རིགས་རང་ངོས་ནས་བརྒྱུད་འཛིན་དར་སྤེལ་བྱ་རྒྱུ་དང༌། ལྷག་པར་དུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་རྒྱུ་དེ་བས་གལ་ཆེན་པོ་ཡིན་པ་མཐོང་སོང༌།

དྷ་སར་སླེབས་རྗེས་ཁོང་གི་འཚོར་སྣང་བརྗོད་དོན། རྒྱ་གར་ནང་ཆོས་དད་རང་དབང་དང༌། སྨྲ་བརྗོད་ཀྱི་རང་དབང་བཅས་གང་ཅིའི་ཐད་ལ་རང་དབང་གི་ནུས་ཤུགས་ཆེན་པོ་ཡོད་པ་མཐོང་སོང་། དེ་སྦད་དེ་རྒྱ་ནག་དང་ལྡོག་ཟླ་ཡིན་པ་ཤེས་བྱུང༌། ད་ལྟའི་ཆར་རྒྱ་ནག་དེ་འཛམ་གླིང་ཐོག་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་ལ་བསྟུན་དགོས་པ་དང་རྒྱ་ནག་གི་རོགས་པ་སྒུག་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ན་ཡང་བོད་རྒྱ་གཉིས་ཀྱི་གནས་སྟངས་དེ་འགྱུར་བ་གཏོང་དགོས་ཀྱི་འདུག རྒྱ་ནག་ནང་ད་དུང་ཡང་གནས་ཚུལ་མང་པོ་ཞིག་བྱུང་གིན་འདུག རྒྱ་ནག་ནང་གི་ལམ་ལུགས་ལ་འགྱུར་བ་དགོས་ངེས་ཀྱི་དུས་ལ་འབབ་འདུག

བོད་པ་རྒྱ་ནག་གི་མི་འབོར་དུང་ཕྱུར་༡༣དང་སྡུར་ན་ཧ་ཅང་གི་ཉུང་ཉུང་རེད། དེར་བརྟེན་བོད་པའི་གནད་དོན་དེ་མགྱོགས་མྱུར་དཀའ་སེལ་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད་ལ་རྒྱ་ནག་ནང་ལ་ཡང་མི་མང་པོ་ཞིག་རྒྱ་ནག་གཞུང་གིས་ཀླད་པ་འཁྲུལ་བཅུག་འདུག དངོས་ཡོད་གནས་སྟངས་གང་ཡིན་མིན་རྒྱ་ནག་ནང་གི་མི་མང་ཆེ་བས་ཤེས་ཀྱི་མེད་པ་རེད། དཔེར་ན་ངའི་ནང་མིར་ཆ་བཞག་ན་བརྙན་འཕྲིན་ནང་གང་སྟོན་པ་དང་གང་བཤད་པ་དེ་ཆ་བཞག་གནང་གི་ཡོད་པ་རེད། དེར་བརྟེན་དངོས་ཡོད་གནས་སྟངས་དེ་ཧ་གོ་མི་བཅུག་པ་དེ་ངས་ཡག་པོ་མཐོང་གི་མི་འདུག་ལ་དེ་ལ་ང་རང་དགའ་པོ་མེད།

འོན་ཀྱང་༧རྒྱལ་བ་རིན་པོ་ཆེ་གཞན་དང་མི་འདྲ་བར་སྙིང་སྟོབས་ལྡན་པ། དྲང་གཞག་ལུགས་མཐུན་གྱི་རླབས་ཆེན་མི་སྣ་ཞིག་ཡིན་པ་མཐོང་སོང༌། ༧ཁོང་གིས་ལོ་ངོ་ལྔ་བཅུའི་རིང་བོད་དོན་དཀའ་སེལ་དགོས་པ་འབད་བརྩོན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ད་ལྟ་བར་དུ་བོད་ནང་མིང་དོན་མཚུངས་པའི་ལས་ཀ་ཡག་པོ་ཞིག་བྱེད་མྱོང་མེད་ན་ཡང་༧ཁོང་གིས་འཚེ་མེད་ཞི་བའི་འཐབ་རྩོད་མུ་མཐུད་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་འཛམ་གླིང་གི་མི་མང་ཚང་མས་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ངེས་པར་དུ་གསན་དགོས་པ་ཞིག་ཆགས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།