འབར་མའི་འོས་བསྡུ་ཆེན་མོ་ཞི་བའི་ངང་གྲུབ་འདུག་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༡ཚེས་༩ཉིན་སྤེལ། ཕྱི་ཟླ༡༡པའི་ཚེས༨ཉིན་འབར་མའམ་མེ་ཡན་མར་ཞེས་པའི་ཡུལ་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་པོའི་ཁྲོད་མང་གཙོ་དོན་གཉེར་བ་ལྕམ་ཨེན་སང་སུའུ་ཅི་མཆོག་གི་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཕྱི་ཟླ༡༡པའི་ཚེས༨ཀྱི་ཆུ་ཚོད༤བར་འབར་མའམ་(Burma)མའེ་ཡན་མར་(Myanmar)ཡུལ་དེའི་མི་མང་ས་ཡ་༣༢ཀྱི་འོས་ཤོག་འཕེན་རྒྱུ་མཇུག་བསྒྲུག་གནང་ཡོད་པ་དང་ཆབས་ཅིག་འོས་བསྡུ་ཆེན་མོ་དེ་ཞི་བ་དང་བདེ་ལེགས་ངང་གྲུབ་ཡོད་པ་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད།

ཚེས་༩་ཉིན་ནས་བཟུང་བདམ་བྱའི་འོས་མིའི་འཐུས་ཚབ་དང་འབར་མའི་རྒྱལ་ཁབ་ཕྱི་ནང་གི་རྟོག་ཞིབ་པ། ཆབ་སྲིད་ཚོགས་པའི་སྐུ་ཚབ་བཅས་མི་༡༡༠༠ལྷག་གིས་རྟོག་ཞིབ་གནང་ཡོད་ལ། འོས་བསྡུའི་གྲངས་བཤེར་ཡང་ཁོང་ཚོའི་མདུན་ནས་བརྩིས་ཏེ་ཁྱབ་བསྒྲགས་བྱ་རྒྱུའི་འགོ་འཛུགས་བྱས་ཡོད་པ་རེད་ཅེས་སྤེལ་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་མུ་མཐུད་སྤེལ་བར་གཞིགས་ན། འབར་མའི་ཟླ༡༡པའི་ཚེས༨ཉིན་གྱི་ཕྱི་དྲོའི་ཚོུད་༤ཐོག་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་འོས་ཤོག་འཕེན་པའི་དུས་ཚོད་རྫོགས་ཏེ་ས་ཚིགས་ཁག་༤༠༠༠ཙམ་ཡོད་པ་རྣམས་སྒོ་བརྒྱབ་ཡོད་ཅིང༌། དེ་ལྟར་འབར་མས་ལོ་ལྔའི་མཚམས་སུ་ཐེངས་རེ་རྒྱལ་ཡོངས་འོས་ཤོག་འཕེན་པའི་བྱེད་སྒོ་བདེ་ལེགས་ངང་མཇུག་སྒྲིལ་ནས་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད་པ་རེད།

མི་མང་ས་ཡ་༣༢ནས་འོས་ཤོག་འཕེན་པ་མཇུག་རྫོགས་རྗེས། ད་ལྟའི་འབར་མའི་དམག་གཞུང་གི་མགྲིན་ཚབ་པས་ཐེངས་འདིའི་འོས་བསྡུ་ཆེན་མོའི་ཁྲོད་མི་མང་གིས་དོ་སྣང་ཆེན་པོས་གཅིག་རྗེས་གཉིས་མཐུད་དུ་འོས་ཤོག་བླུགས་ཡོད་པ་དང༌། གཞུང་གི་ངོས་ནས་ཀྱང་དེ་ནི་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་ལ་ངོས་འཛིན་གྱི་ཡོད་ལ། གཞུང་དང་ཕྱོགས་འགལ་ཚོགས་པ་ཕྱོགས་སོ་སོས་ཀྱང་མི་མང་གིས་གང་ལ་གདམ་ཀ་གནང་བ་དེར་མོས་མཐུན་བྱུང་ན་འོས་འཚམས་ཤིག་ཡིན་ཚུལ་གསུངས་འདུག

ཐེངས་འདིའི་འོས་བསྡུ་ཆེན་མོའི་ཁྲོད་དགུང་ལོ་༧༠ཡིན་པ་ལྕམ་ཨེན་སང་སུའུ་ཅི་Aung San Suu Kyiམཆོག་གིས་དབུ་ཁྲིད་པའི་ཡུལ་དེའི་རྒྱལ་ཡོངས་མང་གཙོ་ཚོགས་པ་National League for Democracy (NLD)ཞེས་པར་རྒྱལ་ཁ་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཅིང༌། དེ་བརྒྱུད་ཡུལ་དེའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཐེབས་རྒྱུ་དང༌། ཡུལ་དེའི་མང་གཙོ་ཡར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཐུབ་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

འོན་ཀྱང་ལྕམ་ཨེན་སང་སུའུ་ཅི་མཆོག་ཕྱིའི་རྒྱལ་ཁབ་གཅིག་གི་ཕྲུ་གུའི་ཨ་མ་ཡིན་པས་ཡུལ་དེའི་སྲིད་འཛིན་དུ་འདེམས་བསྐོ་གནང་རྒྱུར་ཡུལ་དེའི་རྩ་ཁྲིམས་སུ་ཁྲིམས་འགལ་ཡིན་ཡང༌། ཁོང་གིས་སྲིད་འཛིན་ལས་སྐུ་དབང་ཆེ་བའི་གོ་གནས་ཞིག་བཟུང་སྲིད་པ་ཞིག་ཡིན་ཚུལ་གསར་འགོད་པའི་དྲི་བར་ལན་གནང་སྐབས་གསུངས་ཡོད་འདུག གང་ལྟར་ཡང་འོས་བསྡུ་ཆེན་མོ་འདི་བརྒྱུད་སྲིད་དབང་གཅིག་འདུས་རིང་ལུགས་མཇུག་བསྒྲིལ་ནས་མང་གཙོ་ཅན་ཞིག་ཏུ་འགྱུར་བར་ཨ་རི་དང་ཡོ་རོབ་ཐེ་བའི་འཛམ་གླིང་ཡུལ་གྲུ་མང་པོའི་གཞུང་དང་མི་མང་གིས་རེ་བ་བྱེད་བཞིན་ཡོད་པ་རེད།

འབར་མའི་ཐེངས་འདིའི་འདེམས་བསྐོ་ཆེན་པོ་ལས་རྒྱལ་ཡོངས་སུ་མི་མང་གི་འཐུས་མི་བསྡོམས༡༡༠༠ལྷག་བདམས་ཐོན་འབྱུང་དགོས་ཤིང༌། ད་ལྟའི་གཞུང་འཛིན་ཆབ་སྲིད་ཚོགས་པ་སྟེ་རྒྱལ་ཡོངས་མཉམ་འབྲེལ་སྲ་བརྟན་དང་འཕེལ་རྒྱས་ཚོགས་པ་༼Union Solidarity and Development Party (USDP) དེང་རྒྱལ་ཡོངས་མང་གཙོ་ཚོགས་པ་NLDཐེ་བའི་ཆབ་སྲིད་ཚོགས་པ་ཁག་༩༡གིས་བཏོན་པའི་གྲོས་ཚོགས་གོང་འོག་གི་འོས་མི་༥༧༢༧དང་དེ་བཞིན་རང་དབང་ཅན་གྱི་འོས་མི་༣༡༠ཙམ་ཐེངས་འདིའི་འོས་བསྡུ་ཆེན་མོའི་འགྲན་རྩོད་དུ་ཞུགས་ཡོད་པ་རེད།

ཡུལ་དེའི་གྲོས་ཚོགས་གོང་མར་(upper house: Pyithu Hluttaw)འཐུས་མི་༢༢༤ཡོད་པ་དང༌། གྲོས་ཚོགས་འོག་མར་(House of Representatives)འཐུས་མི་༤༤༠ཡོད་ཅིང༌། དེའི་ནང་ནས་༡༡༠ཡུལ་དེའི་དམག་དཔུང་ཤོག་ཀས་ཐད་བསྐོ་བྱེད་ཀྱི་ཡོད་ལ། ༣༣༠མི་མང་གིས་ཐད་ཀར་འོས་བསྡུ་ལམ་ནས་འདེམས་ཀྱི་ཡོད་འདུག

ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྔ་ཕྱི་ཇི་ལྟར་བྱ་མིན་དང་ཕྱི་གསལ་ནང་གསལ་ཡིན་མིན་ཐད་ཕྱིའི་ཡུལ་གྲུ་ཁག་དང་ཡུལ་དེའི་ཆབ་སྲིད་ཚོགས་པའི་ཁག་གི་དབར་བསམ་ཚུལ་འདྲ་མིན་སླེབས་བཞིན་ཡོད་འདུག

༢༠༡༦ལོའི་ཟླ༡པོར་རྒྱལ་ཡོངས་གྲོས་ཚོགས་ཚོགས་དུས་དང་པོ་དེ་འཚོག་རྒྱུ་དང༌། ཟླ༢པར་ཡུལ་དེའི་སྲིད་འཛིན་གསར་པ་ཞིག་འདེམས་བསྐོ་བྱས་ཏེ། སྲིད་འཛིན་གསར་པ་དེའི་སྲིད་གཞུང་གསར་པ་ཞིག་བཙུགས་རྒྱུ་ཡིན་པ་དང༌། དེ་དང་ཆབས་ཅིག་ཟླ་༣་པའི་སྨད་དུ་ད་ལྟའི་གཞུང་གི་ལས་ཡུན་ཡོངས་སུ་རྫོགས་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༠༢༠༡༥༡༧༠༥
འབར་མའི་ལྕམ་ཨང་སན་སུ་ཀི་ནི་དོན་དམ་གྱི་ཧུར་བརྩོན་ཅན་མ་ཞིག་དང་། རང་དབང་དང་དམངས་གཙོའི་སྲོག་ཤིང་ཞིག་ཡིན་པས་ཁྱེད་ཀྱི་རྒྱལ་ཁ་འདིར་བཀྲིས་བདེ་ལེགས་གྲངས་མེད་ཡོད་ལགས།



བརྗོད་གཞི་གཞན་ཁག་ལ་གཟིགས།