ཨ་རིའི་གྲོས་འཐུས་ཁག་གཅིག་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༡ཚེས༡༡ཉིན་སྤེལ། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཐོན་གྱིས་ཨ་རི་དང་རྒྱ་ནག་ཡུལ་གཉིས་དབར་གྱི་གནད་དོན་མང་པོ་ཞིག་གི་ཐོག་གྲོས་མོལ་གནང་གཏན་ཁེལ་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག དེ་ཡང་ྋགོང་ས་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སེ་པི་ལོ་སི་(Nancy Pelosi)མཆོག་གིས་དབུ་ཁྲིད་འོག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་གཅིག་རྒྱ་ནག་ཏུ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་ཐོན་གནང་ཡོད་འདུག

ཁོང་ནི་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང༌། ཁོང་གིས་སྣེ་འཁྲིད་པའི་ཚོགས་ཆུང་གིས་དཔལ་འབྱོར་དང༌། ཁོར་ཡུག ཨར་རྒྱ་ཡུལ་གཉིས་ཀྱི་བདེ་འཇགས། དྲ་རྒྱའི་གསང་གནས་བདག་སྲུང་བྱ་རྒྱུ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། མཁའ་རླུང་འབགས་བཙོག་འགོག་ཐབས་བཅས་ཀྱི་གནད་དོན་ཐད་འབྲེལ་ཡོད་རྒྱ་ནག་དཔོན་རིགས་དང་ལྷན་གོ་བསྡུར་གནང་རྒྱུ་ཡིན་པའི་སྐོར་གནས་ཚུལ་སྤེལ་འདུག

ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་དེ་གོང་གསལ་གནད་དོན་སོགས་ཀྱི་ཆེད་གྲོས་མོལ་གནང་རྒྱུའི་ཆེད་ཕྱི་ལོ་༢༠༡༥ཟླ་༡༡ཚེས་༥ཉིན་ཨ་རི་ནས་ཕེབས་ཐོན་གནང་ཡོད་འདུག

དེ་ཡང་ལྕམ་སྐུ་པི་ལོ་སི་མཆོག་གིས་གསུང་དོན། ཐེངས་འདིར་ཨ་རིའི་གཞུང་གི་སྐུ་ཚབ་རྣམ་པས་རྒྱ་ནག་ཏུ་ཕེབས་ནས་དཔལ་འབྱོར་ཡར་རྒྱས་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་འཛམ་གླིང་སྐྱེ་འགྲོ་སྤྱིའི་འཚོ་གནས་ལ་ཉེན་ཚབས་བཟོ་བཞིན་ཡོད་པ་དེར་གདོང་ལེན་ཇི་ལྟར་བྱེད་དགོས་མིན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དྲ་རྒྱའི་གསང་གནས་སྲུང་སྐྱོབ། ཕྱོགས་མཚུངས་རྒྱལ་ཁབ་གཉིས་པོའི་བདེ་འཇགས་དང་བརྟན་ལྷིང་གི་གནད་དོན་སྐོར་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་གོ་བསྡུར་བྱ་རྒྱུ་ཡིན། ཞེས་གསུངས་འདུག

སྐུ་ཚབ་རྣམ་པས་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སྐབས་རྒྱ་ནག་གི་ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་དང་སློབ་ཕྲུག གཞན་ཡང་མང་ཚོགས་རྣམས་དང་ཐུག་འཕྲད་གནང་རྒྱུ་ཡིན་པའི་སྐོར་ཡང་གནས་ཚུལ་དུ་འཁོད་འདུག

ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་ནང་སྐུ་གྲོས་ཚོགས་ཀྱི་འཐུས་མི་ཞབས་ཇིམ་མེག་གོ་ཝན་(Congressman Jim Mcgovern)མཆོག་དང༌། གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀུ་ལམ་མཆོག(Congresswoman Betty McCollum)གྲོས་ཚོགས་ཀྱི་འཐུས་མི་ཊི་མོ་ཐི་ཝལ་སི་(Timothy Walz) མཆོག་སོགས་ཡོད་འདུག

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།