དཔལ་འབྱོར་ཡར་རྒྱས་དང་ལྷན་དུ་བདེ་སྐྱིད་བསྐྲུན་ཐབས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༡།༠༥ཉིན་སྤེལ། ཁ་སང་ཕྱི་ཚེས་༤ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༠༠པའི་ཐོག་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཚོགས་ཁང་ཆེན་མོའི་ནང་ཞེན་ཆགས་མེད་པའི་ཐོག་ནས་འབྱོར་ཕྱུག་བཟོ་རྒྱུ་དང་དཔལ་འབྱོར་ཡར་རྒྱས་ལ་བརྟེན་ནས་འཛམ་གླིང་ནང་བདེ་སྐྱིད་བསྐྲུན་ཐབས་(Abundance Without Attachment, Pursuing Happiness in a World of Economic Growth) ཞེས་པའི་སྐོར་ལ་ཚོགས་འདུ་ཞིག་ཚོགས་གནང་སོང་།

དེ་ཡང་ཨ་རིའི་ཚོང་ལས་ལྟེ་གནས་ཁང་གིས་གོ་སྒྲིག་གནང་བའི་ཐོག་ཨ་རིའི་ཚོང་པ་ཆེ་གྲས་ཁག་དང་། རྒྱ་གར་གྱི་ཚོང་པ། གྲོས་ཚོགས་འཐུས་མི། མཁས་ལས་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོགཚོང་ལས་ཀྱི་ཚོགས་འདུ་ཚོགས་བཞིན་པའི་སྐབས། དཔལ་འབྱོར་བཀའ་བློན། ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ཁག བོད་མིའི་ཚོང་ལས་སྡེ་ཚོགས་ཀྱི་འཐུས་མི། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འཐུས་མི་བཅས་ཁྱོན་མི་གྲངས་༥༠ལྷག་ཞེན་ཆགས་མེད་པའི་ཐོག་ནས་འབྱོར་ཕྱུག་བཟོ་རྒྱུ་དང་དཔལ་འབྱོར་ཡར་རྒྱས་ལ་བརྟེན་ནས་འཛམ་གླིང་ནང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་ཚོགས་འདུའི་ཐོག་མཉམ་འཛོམས་གནང་ཡོད་འདུག

བགྲོ་གླེང་ཚོགས་འདུའི་གཙོ་སྐྱོང་གནང་མཁན་ཨ་རིའི་མཁས་ལས་ཞིབ་འཇུག་ཁང་གི་འགན་འཛིན་སྐུ་ཞབས་ཨར་ཐུར་བྷི་རའོ་ཁི་ArthurBrooksལགས་ཀྱིས་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་གནང་བ དང་། རྒྱ་གར་མངའ་སྡེ་ཨོ་ཌེ་ཤཱ་ Odisha ཆབ་སྲིད་ཚོགས་པའི་འཐུས་མི་སྐུ་ཞབས་རྗེན་པན་ཌ་Jay Panda ལགས་ཀྱིས་དབུལ་ཕོངས་ཀྱི་སྐོར་ལ་ཁོང་གི་མྱོང་འཚོར་གསུངས་གནང་རྗེས་ཨ་རིའི་ཚོང་ལས་སྒྲིག་འཛུགས་ལྟེ་གནས་ཁང་གི་དབུལ་ཕོངས་ཞིབ་འཇུག་ཚན་པའི་ཆེད་མཁས་པ་སྐུ་ཞབས་རའོ་བྷིར་ཊི་ཌོར་Robert Doar ལགས་ཀྱིས། ང་ཚོས་འབྱོར་ཕྱུག་གི་རམ་འདེགས་ལ་བརྟེན་ནས་དཀའ་སྡུག་སེལ་དགོས་པའི་སྐོར་ལ་མྱོང་འཚོར་གསུངས་གནང་སོང་།

དེ་རྗེས་༧གོང་ས་མཆོག་གིས་མི་དང་དུད་འགྲོའི་བར་གྱི་ཁྱད་པར་དང་། དབུལ་ཕྱུག་ཀྱི་སྐོར། དེང་དུས་ཀྱི་ཤེས་ཡོན་ཁོ་ནས་བདེ་སྐྱིད་བྱུང་མི་ཐུབ་པའི་སྐོར། དེ་བཞིན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་པ་བཅས་ཀྱི་སྐོར་ལ་བཀའ་སློབ་བསྩལ་གནང་དོན། མི་དང་དུད་འགྲོའི་བར་གྱི་ཁྱད་པར། ང་ཚོ་ཚང་མ་དགའ་སྡུག་གི་ཚོར་བ་ཡོད་པའི་སེམས་ཅན་ཞིག་ཡིན་པ་དང༌། སེམས་ཅན་ཚང་མས་སོ་སོའི་འཚོ་བར་དགའ་བོ་ཡོད་ན་ཡང་བསམ་བློའི་ནུས་པ་གཅིག་མཚུངས་མ་རེད། ང་ཚོ་སྨྲ་ཤེས་དོན་གོ་བའི་སྲོག་ཆགས་ཤིག་ཡིན་སྟབས་བསམ་བློ་བེད་སྤྱོད་ཡག་པོ་བཏང་ནས་འཛམ་གླིང་ཇེ་ལེགས་སུ་གཏོང་ཐུབ་ཀྱི་རེད།

དབུལ་ཕྱུག་ཀྱི་སྐོར། དངུལ་ཡོད་མཁན་དང་མེད་མཁན་གཉིས་གཅིག་མཚུངས་རེད། དཔེར་ན་མི་ཞིག་དངུལ་མང་པོ་ཡོད་ན་མཛུབ་དཀྲིས་མང་པོ་ཉོ་ཐུབ་ཀྱི་ཡོད་ན་ཡང་མཛུབ་མོ་བཅུ་ལས་མེད་པ་རེད།  གཞན་ཡང་དངུལ་མང་པོ་ཡོད་མཁན་གྱིས་ཟ་མ་མང་པོ་ཉོ་ཐུབ་ཀྱི་ཡོད་ན་ཡང་དངུལ་མེད་མཁན་དང་གྲོད་ཁོག་དང་གཅིག་མཚུངས་རེད། དངུལ་མེད་མཁན་ལ་ཡང་དངུུལ་ཡོད་མཁན་གྱི་གྲུབ་སྟངས་གཅིག་མཚུངས་ཆགས་ཀྱི་ཡོད་པ་རེད།

དེང་དུས་ཀྱི་ཤེས་ཡོན་ཁོ་ནས་བདེ་སྐྱིད་བྱུང་མི་ཐུབ་པའི་སྐོར། དེང་དུས་ཀྱི་ཤེས་ཡོན་གཅིག་པུས་བདེ་སྐྱིད་ཡོང་ཐུབ་ཀྱི་མེད་པ་རེད། རྒྱུ་མཚན་དེང་དུས་ཀྱི་ཤེས་ཡོན་ཁོ་ན་བེད་སྤྱོད་བྱས་པ་ཡིན་ན་དངོས་པོའི་དཔལ་ཡོན་གྱི་ཕྱོགས་ལ་ཤུགས་ཆེར་ཁ་ཕྱོགས་ཀྱི་ཡོད་པ་རེད། ཕྱི་རྒྱལ་ལ་དངུལ་ཡོད་མཁན་གྱི་ཕྱུག་པོ་མང་པོ་ཡོད་རེད། ད་དུང་བདེ་སྐྱོད་བྱུང་གི་ཡོད་མེད་ཁག་པོ་རེད། དེར་བརྟེན་རིམ་བཞིན་ཁོང་ཚོས་སེམས་སྐྱོད་པོ་དེ་དངུལ་ལས་གལ་ཆེ་བ་ཡིན་པ་ཤེས་ཀྱི་ཡོད་པ་རེད། ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་པའི་སྐོར། ཆོས་ལུགས་གཅིག་ལ་མི་ཚང་མ་དགའ་བོ་ཡོང་གི་མ་རེད། དེར་བརྟེན་ཆོས་ལུགས་མི་གཅིག་པ་དང་ཆོས་ཁས་མི་ལེན་མཁན་ཚང་མར་ང་ཚོ་ཚང་མས་གུས་ཞབས་བྱེད་དགོས་པ་རེད་ཅེས་བཀའ་སློབ་སྩལ་གནང་སོང་།  

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།