སཱི་རི་ཡའི་སྐྱབས་བཅོལ་བ་སྟོང་ཚོ་མང་པོ་ཕྱིར་ལོག་བཞིན་འདུག་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༡ཚེས་༤ཉིན་སྤེལ། ཟླ་སྔོན་མའི་ནང་ཨུ་རུ་སུས་སི་རི་ཡའི་འཇིགས་སྐུལ་དྲག་སྤྱོད་པའི་རྟེན་གཞི་ཁག་ལ་གནམ་ཐོག་ནས་གཏོར་རྒོལ་བཏང་རྗེས་ད་ལྟ་ཡུལ་དེའི་སྐྱབས་བཅོལ་བ་སྟོང་ཚོ་མང་པོ་རང་ཡུལ་དུ་ཕྱིར་ལོག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན།  ཟླ་སྔོན་མ་སྟེ་སྤྱི་ཟླ་༩པའི་ནང་ཨུ་རུ་སུ་Russiaགཞུང་གི་གནམ་དམག་གིས་སི་རི་ཡའི་Syriaའཇིགས་སྐུལ་དྲག་སྤྱོད་ཚོ་ཁག་ཨི་སི་ལ་མཱིག་ཡུལ་ISIS འམ་ཡང་ན་Islamic Stateཞེས་པའི་རྟེན་གཞི་ཁག་གནམ་ཐོག་ནས་དེང་དུས་ཀྱི་གོ་མཚོན་སྣ་མང་བེད་སྤྱོད་བཏང་སྟེ་གཏོར་རྒོལ་དྲག་པོ་བྱས་ཡོད་པ་དེས་ཡུལ་དེའི་སྐྱབས་བཅོལ་བའི་གནས་བབ་ལ་འགྱུར་བ་ཕྱིན་ཡོད་པ་རེད་ཟེར།

གནམ་ཐོག་ནས་གཏོར་རྒོལ་དེ་ལ་བརྟེན་ནས་སཱི་རི་ཡའི་ས་ཁུལ་མང་པོ་ཞིག་ཏུ་ཞི་འཇམ་དུ་གྱུར་ཏེ་ཨུ་རུ་སུའི་སྲིད་འཛིན་གྱིས་དཔའ་ངར་ལྡན་པའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་མངགས་བརྗོད་ཡོང་བཞིན་ཡོད་པ་རེད་ཅེས་དང༌། དེ་བཞིན་སཱི་རི་ཡའི་ནང་འཁྲུག་བྱུང་རྗེས་ནས་ཡུལ་གྲུ་གཞན་དུ་ཕྱིན་པའི་སྐྱབས་བཅོལ་བ་༨༠༠༠༠༠༠ལྷག་ཕར་རང་ཡུལ་དུ་ཕྱིར་ལོག་བྱས་དང་བྱེད་བཞིན་ཡོད་པ་རེད་ཅེས་སྤེལ་འདུག

འོན་ཀྱང་ཨ་རི་དང་ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་འགས་ཨུ་རུ་སུས་བྱས་སྟངས་ལ་སྐྱོན་བརྗོད་སྔར་བཞིན་བྱེད་བཞིན་ཡོད་ཅིང༌། དེ་ནི་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་འཇིགས་སྐུལ་དྲག་སྤྱོད་པ་ཨ་ཡི་སི་ཞེས་པར་དམིགས་ནས་གཏོར་རྒོལ་བྱས་མེད་ཚུལ་དང༌། སཱི་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་སཱ་དྷིའི་Bashar al-Assadགཞུང་དང་ཕྱོགས་འགལ་ཡིན་པའི་ཚོགས་པའི་རྟེན་གཞི་མང་པོ་ཞིག་ལ་གཏོར་རྒོལ་བྱས་ཡོད་པའི་སྐྱོན་འཛུགས་བྱས་ཡོད། བྱས་སྟངས་དེས་ཨ་ཡི་སི་ISISདྲག་སྤྱོད་པ་ཟེར་བའི་སྟོབས་ཤུགས་ཆེ་རུ་བཏང་ཚུལ་ཤོད་བཞིན་ཡོད་པ་རེད།

འོན་ཀྱང་གནས་ཚུལ་དེའི་ཡོང་ཁུངས་འཚོལ་སྐབས་གནས་ཚུལ་དེ་བདེན་མིན་ཐད་ད་ལྟ་གཏན་ཁེལ་མེད་པ་དང་ཨུ་རུ་སུ་གཞུང་གིས་གཉེར་བའི་གསར་འགྱུར་བརྒྱུད་ལམ་Sputnik News ཟེར་བས་སྤེལ་བར་གཞིར་བཅོལ་ཡོད་པ་རེད་འདུག

ཟླ་སྔོན་མའི་ནང་ཨུ་རུ་སུས་དྲག་སྤྱོད་པའི་ཐོག་གཏོར་རྒོལ་ཐེངས་༨༣༠ལྷག་བཏང་ནས་དྲག་སྤྱོད་པའི་དམག་དཔོན་ཐེ་བའི་མི་བརྒྱ་ཕྲག་མང་པོ་བསད་ཡོད་པ་དང་དྲག་སྤྱོད་པ་དེ་ཚོའི་དམག་གི་རྟེན་གཞི་ཡང་བཅུ་ཕྲག་འགའ་ཤས་རྩ་མེད་བཏང་ཡོད་པ་རེད།

འོན་ཀྱང་སཱི་རི་ཡའི་ཡུལ་གྱི་ནང་འཁྲུག་གམ་ཡང་ན་དམག་འཁྲུག་དེ་ལོ་མང་རིང་བར་མ་ཆད་པར་བྱུང་བར་བརྟེན་ཡུལ་དེའི་མི་མང་ས་ཡ་མང་པོ་ཡོ་རོབ་ཀྱི་ཡུལ་གྲུ་ཁག་དང་ཁྱིམ་མཚེས་ཡུལ་གྲུ་ཁག་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་དེས་འཛམ་གླིང་གི་ནང་སྐྱབས་བཅོལ་བའི་དཀའ་ངལ་ཆེ་ཤོས་ཀྱི་གྲས་ཤིག་ཆགས་ཡོད་པ་དང་སྐྱབས་བཅོལ་བ་འབོར་ཆེན་དེ་འདྲ་ཞིག་ཡོ་རོབ་ཏུ་འབྱོར་བ་དེས་ཀྱང་མ་འོངས་པར་ཡོ་རོབ་གླིང་ཕྲན་དེ་ཉིད་ཁ་ཆེ་བས་དབང་སྒྱུར་ཞིག་འགྱུར་བའི་འཇིགས་དཀྲག་སྐྱེ་གཞི་ཞིག་ཆགས་ཡོ་སྐོར་གསར་ལམ་ཁག་ཏུ་སྤེལ་འདུག

ཡོ་རོབ་གླིང་ཕྲན་དུ་སྐྱབས་བཅོལ་བ་འབོར་ཆེན་དེ་འདྲ་ཞིག་སླེབས་པ་དེ་དག་ལས་རྗར་མི་ནི་གཞུང་གིས་༨༠༠༠༠༠ལྷག་ལེན་རྒྱུ་གསལ་བསྒྲགས་བྱས་ཡོད་ལ། དབྱིན་ལན་ཌི་གཞུང་གིས་ཀྱང་༢༠༠༠༠ལྷག་ལེན་རྒྱུར་མོས་མཐུན་གནང་ཡོད་པ་རེད། འོན་ཀྱང་ཉེ་བའི་ཟླ་ཤས་རིང་སྐྱབས་བཅོལ་སྟོང་ཚོ་མང་པོ་བར་མཚམས་མེད་པར་ཡོ་རོབ་ཡུལ་ཁག་ཏུ་སླེབས་ཡོད་པ་དང་མུ་མཐུད་འབྱོར་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།