སྲིད་སྐྱོང་མཆོག་ལ་ཨ་རིའི་གཙུག་ལག་སློབ་གྲྭའི་གསེར་གྱི་རྟགས་མ་ཕུལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༠ཚེས་༡༤ཉིན་སྤེལ། ཨ་རིའི་སེ་ལེ་སི་བྷུ་རི་ཞེས་པའི་གཙུག་ལག་སློབ་ཁང་གིས་གསེར་གྱི་རྟགས་མ་དེ་འདི་ཟླའི་ཚེས་༡༣སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་འབུལ་ཡོད་ཅིང༌། སྐབས་དེར་ཁོང་གིས་བོད་མི་ཚོས་བདེན་པའི་འཐབ་རྩོད་བྱེད་བཞིན་པའི་སྐབས་འདིར་གཟེངས་རྟགས་འདི་འདྲ་ཞིག་གནང་བ་དེས་གཞིས་ལུས་བོད་མི་ཚོར་བརྡ་ལན་ཤུགས་ཆེན་པོ་ཞིག་གཏོང་རྒྱུ་རེད་ཅེས་གསུངས་འདུག
དེ་ཡང་ཕྱི་ལོ་༢༠༡༥ཟླ་༡༠ཚེས་༡༣ཉིན་ཨ་རིའི་སེལ་སི་བྷུ་རི་གཙུག་ལག་སློབ་ཁང་Salisbury Universityགིས་གསེར་གྱི་རྟགས་མ་Presidential Medalདེ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་འབུལ་བཞེས་གནང་རྗེས་གསུངས་དོན།

དེ་རིང་གཙུག་ལག་སློབ་ཁང་གིས་ངོས་ལ་ཆེ་བསྟོད་ཀྱི་རྟགས་མ་འདི་འདྲ་ཞིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ངོས་ལ་ཆེས་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང༌། དང་ཐོག་ཞུ་རྒྱུར། ངོས་རང་རྒྱབ་ལྗོངས་Siཀྱི་གནས་སྟངས་ལ་གཞིགས་ན་མི་ཚང་ཉམ་ཆུང་ཞིག་ནས་ཡིན། ངོས་ལ་འདི་ལྟ་བུའི་རྟགས་མ་ཐོབ་རྒྱུའི་འོས་ཆོས་གང་ཡང་ཚང་བ་ཞིག་མཐོང་གི་མེད། འོན་ཀྱང་བོད་མི་ཚོས་བདེན་པའི་འཐབ་རྩོད་བྱེད་བཞིན་པའི་དུས་སྐབས་འདིར་ངོས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འདི་འདྲ་ཞིག་གནང་བ་དེས་གཞིས་ལུས་བོད་མི་ཚོར་བརྡ་ལན་ཤུགས་ཆེན་པོ་ཞིག་གཏོང་རྒྱུ་ཡིན་ངེས་པ་རེད།

བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོར་རྒྱབ་སྐྱོར་བྱེད་མཁན་ཡོད་པ་དང་ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། རང་དབང་སོགས་རྩོད་ལེན་བྱེད་བཞིན་པའི་འཐབ་རྩོད་ལ་འཛམ་གླིང་ཕྱི་ནས་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་བཏོན་བྱས་ཡོད། དེར་བརྟེན་བོད་ནང་གི་གཞིས་ལུས་རྒྱ་ཆེ་མང་ཚོགས་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་མང་གཙོའི་ལམ་བཟང་སྲོལ་སྩལ་མཛད་རྒྱུའི་ཐུགས་ཀྱི་འཆར་སྣང༌། དེ་བཞིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་བྱམས་བརྩེ་དང་བཟོད་བསྲན་སོགས་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་རྒྱུའི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་ཐོག་ངོས་ཀྱིས་རྟགས་མ་འདི་དང་ལེན་ཞུས་པ་དང་སྦྲགས། གཙུག་ལག་སློབ་ཁང་འདི་དང་ངེས་སྟོན་པ་ཇེ་ནེ་ཊི་ཌུ་ལི་ཨེ་སི་བྷེཆ་ Dr. Janet Dudley-Eshbach མཆོག་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང༌། ལྷག་པར་དུ་སྐུ་ཞབས་ཇོན་མེཀ་ཌོ་ནལ་མཆོག་སོགས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཡང་ཁོང་གིས་མུ་མཐུད་གསུངས་དོན། དེ་རིང་འདིར་ཨ་རུན་གཱན་དྷི་མཆོག་ལ་བློ་བུར་དུ་གསུང་བཤད་གནང་རོགས་ཞེས་སྐུ་ཞབས་བྷ་ར་ཡིན་ལགས་ཀྱིས་ཞུ་སྐབས་ཁོང་ཏོག་ཙམ་ཧང་སང་བ་རེད། སྤྱིར་ཨ་རུན་གཱན་དྷི་མཆོག་གསུང་བཤད་ཧ་ཅང་ཡག་པོ་གནང་མཁན་ཞིག་ཡིན་སྟབས་མཛད་སྒོ་འདིར་ངོས་ཀྱིས་རྟགས་མ་ལེན། ཨ་རུན་ལགས་ཀྱིས་གསུང་བཤད་གནང་བ་ཡིན་ན་འོས་འཚམས་ཤིག་འདུག ཅེས་སྐུ་རྩེད་དང་སྦྲགས་གསུང་སྐབས་ཚོགས་ཁང་གད་སྒྲས་ཁེངས་ཡོད་པ་རེད།

དེ་རྗེས་སྲིད་སྐྱོང་མཆོག་གིས་གསུང་དོན། གཙུག་ལག་སློབ་གྲྭའི་ངེས་སྟོན་པ་མཆོག་གིས་ངོས་ལ་ལོ་ལྟར་གཙུག་ལག་སློབ་གྲྭ་འདིར་བོད་པའི་དགེ་འདུན་པ་ཁག་གཅིག་ཕེབས་ནས་རྡུལ་ཚོན་དཀྱིལ་འཁོར་བཞེངས་རྒྱུས་མཚོན་བོད་བརྒྱུད་ནང་བསྟན་གྱི་འགྲེམས་སྟོན་གོ་སྒྲིག་གནང་སྲོལ་ཡོད་སྐོར་གསུངས་པ་དང་སྦྲགས།
རྡུལ་ཚོན་དཀྱིལ་འཁོར་གྱི་མཛེས་སྡུག་ལ་ངེས་སྟོན་པ་མཆོག་ཧ་ཅང་ཡིད་དབང་འཕྲོག་བྱུང་གསུང་པ་མ་ཟད། རྡུལ་ཚོན་དཀྱིལ་འཁོར་བཞེངས་སྐྲུན་སྐབས་དགེ་འདུན་པ་ཚོས་སྐུ་ལས་ཧ་ཅང་ཆེན་པོས་བཞེངས་སྐྲུན་གནང་ཡང་མཐར་དཀྱིལ་འཁོར་ཤིག་པ་དེར་ཏོག་ཙམ་ཡ་མཚན་བསྐྱེས་སྐོར་གསུང་བྱུང༌། དེ་ནི་ནང་པ་ཚོས་དུས་རྟག་ཏུ་ཡིད་ལ་དྲན་བཞིན་པའི་འདུས་བྱེད་ཐམས་ཅད་མི་རྟག་པ་ཡིན་པ་དེ་སེམས་འགུལ་གཏོང་ཆེད་ཡིན་པ་དང༌། ང་ཚོ་འགྲོ་བ་མི་ཞིག་ཡིན་ནའང་ཐོག་མར་སྐྱེས་ཤིང་དེ་ནས་མཐར་འཆི་རྒྱུ་རེད། འཆི་བ་ལས་གཡོལ་ཐབས་མེད། འོན་ཀྱང་ང་ཚོ་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་དགོས། དེ་འདྲ་བྱུང་བ་ཡིན་ན་གསོན་དགོས་ཆོད་པ་རེད།

རྒྱུ་མཚན་དེ་ལ་བརྟེན་ནས་ངོས་ཀྱིས་ཨ་རིའི་ཀེམ་བྷི་རི་ཆི་མཐོ་སློབ་བཞག་ནས་རྒྱ་གར་དུ་ཕྱིན་པ་རེད། ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཨ་རིར་བསླེབས་ཡོད། སྐབས་དེར་ཨར་རྒྱ་ཡུལ་གཉིས་དབར་བགྲོ་གླེང་གནང་རྒྱུའི་གནད་དོན་གལ་ཆེ་ཤོས་ཤིག་ནི་དྲ་རྒྱའི་དྲ་རྒྱའི་བདེ་འཇགས་(Cyber Security)ཐོག་རེད། སྲིད་སྐྱོང་མཆོག་གི་སྐུ་ཚེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་དྲི་བ་རྣམས་ལ་ལན་འདེབས་གནང་འདུག་པ་བཅས།

གསར་འགོད་པ་བསྟན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།