ཞི་ཅིན་ཧྥིང་སླེབས་པ་ནས་རྒྱ་ནག་ཆེས་སྡུག་རྩུབ་ཅན་དུ་གྱུར་སོང་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༠ཚེས་༡༣ཉིན་སྤེལ། རྒྱ་ནག་གི་གྲངས་ཉུང་མི་རིགས་སྤྱི་དང་བྱེ་བྲག་བོད་དང་ནང་མིར་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་པའི་སྲིད་བྱུས་ལ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་རྒྱ་ནག་ལས་དོན་ཞིབ་འཇུག་ཚོགས་ཆུང་(US Congressional-Executive Committee on China)ཞེས་པས་བཏོན་གནང་བའི་ལོ་འཁོར་སྙན་ཐོ་དེའི་ནང་དུ་ཞི་ཅིན་ཧྥིང་སྲིད་འཛིན་དུ་སླེབས་པ་ནས་རྒྱ་ནག་གཞུང་ནི་ཆེས་སྡུག་རྩུབ་དང་དྲག་རྩུབ་ཅན་ཞིག་ཏུ་གྱུར་ཡོད་པ་གསལ་སྟོན་གནང་འདུག

ཕྱི་ལོ་༢༠༡༥ཟླ་༡༠ཚེས་༨ཉིན་བཏོན་པའི་ཤོག་གྲངས་༣༣༦ཡོད་པའི་ཨ་རིའི་ལོ་འཁོར་སྙན་ཐོ་དེའི་ནང༌། རྒྱ་ནག་གཞུང་གིས་བོད་ནང་དུ་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་སྐོར་བཤད་པ་རྣམས་ལ་རྩིས་མེད་བཏང་ནས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་གཞུང་གིས་བོད་ནང་དུ་མུ་མཐུད་ནས་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང༌། བོད་མིའི་ཆོས་དང་རིག་གཞུང༌། སྐད་ཡིག ཁོར་ཡུག་སོགས་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲོད་ཀྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

སྙན་ཐོ་དེས་ཡུ་གུར་ནང་དུའང་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱས་པར་བརྟེན་དྲག་སྤྱོད་ལས་འགུལ་ཇེ་ཆེར་འགྲོ་བཞིན་པ་དང་བོད་ནང་དུའང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱས་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལ་གཞུང་གིས་སྟངས་འཛིན་ནན་པོ་བྱས་ཏེ་ཆོས་དད་རང་མོས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་སྐོར་སྐྱོན་བརྗོད་གནང་ཡོད།

དེ་བཞིན་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་མུ་མཐུད་ནས་འབྱུང་བཞིན་ཡོད་པ་དེ་དག་ཆབ་སྲིད་དང་ཆོས་དད་རང་དབང་ལ་དམ་དྲག་གིས་རྐྱེན་པས་ལྷག་པ་དང༌། གནས་སྟངས་དེ་དག་བོད་མིའི་དཀའ་ངལ་སེལ་བའི་གནད་དོན་ལ་མི་བཟུང་བ་མ་ཟད། བོད་ཀྱི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་ཡུན་རིང་ལུས་པའི་གྲོས་མོལ་བརྒྱུད་བོད་མིའི་དཀའ་སྡུག་སེལ་ཐབས་བྱ་རྒྱུའི་རྣམ་འགྱུར་གང་ཡང་སྟོན་གྱི་མེད་པའི་སྐྱོན་བརྗོད་གནང་འདུག

སྙན་ཐོའི་མཐའ་མཇུག་ཏུ་རྒྱ་ནག་ནང་བརྟན་ལྷིང་ཡོང་བར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་དངས་ལེན་བྱས་ནས་ཆོས་དང་སྐད་ཡིག རིག་གཞུང་དང་བཅས་པར་གུས་བཀུར་དང་ཆེས་མཐོང་ཞུ་ཐོག་ཨར་རྒྱ་ཡུལ་གཉིས་ཀྱི་བདེ་འཇགས་བགྲོ་གླེང་ལྷན་ཚོགས་སྐབས་གསལ་བཤད་དགོས་པའི་རེ་འདུན་བཏོན་འདུག

ཕྱོགས་མཚུངས་སྙན་ཐོའི་ནང་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་རང་དབང་རྟོག་ཞིབ་པ་དང་གསར་འགོད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ། ཕྱི་རྒྱལ་གཞུང་འབྲེལ་སྐུ་ཚབ་སོགས་ལ་དམ་དྲག་བཀག་སྡོམ་སོགས་གང་ཡང་མེད་པར་འགྲོ་བསྐྱོད་བཅུག་ནས་གནས་སྟངས་ངོ་མར་ཉམས་ཞིབ་བྱེད་འཇུག་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག

དེ་ཡང་སྙན་ཐོ་དྲིལ་བསྒྲགས་གནང་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཀི་རི་སི་སི་མི་ཐི་ Chris Smith མཆོག་གིས་གསུངས་དོན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གང་ཡང་ཕྱིན་མེད་པ་མ་ཟད། སྲིད་འཛིན་ཞིས་ཅིན་ཕིང་གིས་ཡུལ་གྱི་ཁྲིམས་དང་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་སྲིད་བྱུས་ལ་བརྟེན་རྒྱ་ནག་ནང་ཡུལ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་མར་ཉམས་གུད་འགྲོ་བཞིན་ཡོད་པ་སེམས་འཚབ་བྱེད་གཞི་ཡིན་པའི་སྐོར་གསལ་བཏོན་གནང་འདུག

སྙན་ཐོ་དེའི་ནང་ད་དུང་གསལ་སྟོན་གནང་དོན། རྒྱ་ནག་ནང་གི་ཁྲིམས་ལུགས་ཀྱི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བརྟེན་ནས་ཨ་རིའི་རྒྱལ་ཁབ་ཀྱི་ཁས་ཕན་ལ་ཐད་ཀར་དོ་ཕོག་གཏོང་བ་མ་ཟད། ཨར་རྒྱ་གཞུང་གཉིས་དབར་གྱི་མཐུན་ལམ་ལའང་གནོད་སྐྱོན་གཏོང་གཞི་ཞིག་ཡིན་ལུགས་གསལ་འདུག

གཞན་ཡང་ལོ་འཁོར་སྙན་ཐོ་དེས། རྒྱ་ནག་ནང་གསར་འགོད་དང་དྲ་རྒྱའི་རང་དབང་དམ་དྲག་བྱེད་སྟངས། རང་དབང་རྩོམ་པ་པོ་དང་ཁྲིམས་རྩོད་པ་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་གཏོང་སྟངས། དང་དེ་བཞིན་ཧོང་ཀོང་དང་མེ་ཁའུ་སོགས་སུ་མང་གཙོའི་གནང་སྟངས་ཐབས་སྐྱོ་བོ་ཡིན་སྐོར་སོགས་གསལ་འགྲེལ་གནང་སྟེ་རྒྱ་གཞུང་ལ་སྐྱོན་དྲག་པོ་བྱས་འདུག

འོན་ཀྱང་སྙན་ཐོ་དེ་བཏོན་ནས་ཉིན་ཤས་རྗེས་སུ་རྒྱ་ནག་གཞུང་གི་ཕྱི་སྲིད་མགྲིན་ཚབ་པས་རྒྱ་ནག་གི་ཐོག་བཏོན་པའི་སྙན་ཐོ་དེ་ནི་གཞི་མེད་སྐྱོན་འཛུགས་ཤིག་ཡིན་ཚུལ་དང༌། ཡུལ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་མ་གླེང་གོང་ཨ་རིའི་རང་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་རབས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།