བོད་དོན་དེ་སྲིད་རྐྱང་མིན་པར་ཁོར་ཡུག་གི་གནད་དོན་ཡང་རེད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༠ཚེས་༡༣ཉིན་སྤེལ། འདི་གར་འབྱོར་བའི་གནས་ཚུལ་ལ་གཞིགས་ན། ཨོ་སི་ཁྲི་ལེ་ཡའི་ཡུལ་གྱི་རྒྱལ་ས་རུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་སོགས་ཀྱི་སྐོར་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཨོ་སི་ཁྲི་ལེ་ཡའི་བོད་དོན་ལས་འགུལ་ལྷན་ཁང་གི་ལས་འགུལ་འགན་འཛིན་གདོང་འདུད་སྐྱིད་འཛོམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༥ཟླ་༡༠ཚེས་༡༣ཉིན་གྱི་དུས་ཚོད་༡༢ཐོག་ཨོ་སི་ཁྲི་ལེ་ཡའི་རྒྱལ་ས་ཁེན་བྷེ་རའི་གྲོས་ཚོགས་གོང་འོག་གི་ཚོགས་ཁང་ཆེན་མོ་ནང་ནས། ཨོ་སི་ཁྲི་ལེ་ཡའི་བོད་དོན་ལས་འགུལ་ལྷན་ཁང་(Australia Tibet Council)དང་ཨོ་སི་ཁྲི་ལེ་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་(The Australia All-Party Parliamentary Group for Tibet)གཉིས་ཀྱིས་གོ་སྒྲིག་འོག གྲོས་ཚོགས་གོང་འོག་གི་འཐུས་མི། ལྗང་གུ་ཚོགས་པ། གཞུང་གི་གནད་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་བཅས་ལ་བོད་ཀྱི་ཁོར་ཡུག་གི་གནས་བབ་སྐོར་གྱི་སྙན་ཐོ་ཞིག་དབུ་འབྱེད་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས།

ཨོ་སི་ཁྲི་ལེ་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཝ་རན་ཨེན་ཇི་(Warren Entsch) ཀྱིས་ཚོགས་འདུའི་དམིགས་ཡུལ་དང་བོད་ཀྱི་ཁོར་ཡུག་སྐོར་གྱི་སྙན་ཐོ་འདོན་དགོས་པའི་སྐོར་ནས་གསུང་བཤད་དོན། ད་ལྟའི་བར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་སྐོར་ལ་རྒྱལ་སྤྱིའི་ཐོག་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་གི་ཤེས་རྟོགས་གང་འཚམ་ཡོད་པ་རེད། འོན་ཀྱང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་དེ་རྒྱལ་སྤྱི་དང་ཨེ་ཤ་ཡའི་དཔལ་འབྱོར་དང་ཐོན་ཁུངས་སོགས་ལ་གལ་གནད་གང་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་མཁན་ཉུང་ཉུང་ཡིན་པས། དེ་རིང་དབུ་འབྱེད་གནང་བའི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་སྙན་ཐོ་འདིས། རྒྱལ་སྤྱི་དང་ཨེ་ཤ་ཡ། དམིགས་བསལ་ཨོ་སི་ཁྲི་ལེ་ཡའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པའི་མཁྱེན་རྟོགས་དང་འགན་ལེན་ངེས་པར་དུ་བྱེད་དགོས་པ་ཞིག་ཆགས་ཡོད་དུས། བགྲོ་གླེང་ཚོགས་འདུ་འདི་གོ་སྒྲིག་བྱས་པ་ཡིན་སྐོར་གསུངས་སོང༌།

དེ་རྗེས་ཨོ་སི་ཁྲི་ལེ་ཡའི་བོད་དོན་ལས་འགུལ་ལྷན་ཁང་གི་འགན་འཛིན་དང་ཨེ་ཤ་ཡའི་བོད་མིའི་སྤྱི་འཐུས་འོས་མི་གདོང་འདུད་སྐྱིད་འཛོམས་ལགས་ཀྱིས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་ལ་ཉམས་ཞིབ་ཀྱིས་སྙན་ཐོ་འདི་ཁྱེད་གྲོས་ཚོགས་འཐུས་མི་རྣམ་པར་སྙན་གསེང་ཞུ་དགོས་དོན་ནི། བོད་ཀྱི་གནས་བབ་དེ་རྒྱལ་སྤྱིའི་ཐོག་གལ་གནད་ཆེན་པོ་རང་བཞིན་གྱིས་ཆགས་ཡོད་རེད། གང་ཡིན་ཟེར་ན། བོད་ཀྱི་ཁོར་ཡུག་གི་གནས་བབ་དེ་བོད་མིའི་ཙམ་མ་ཡིན་པར་རྒྱལ་སྤྱི་དང༌། དམིགས་བསལ་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་གཅིག་ལྷག་གི་མི་འབོར་དུང་ཕྱིར་གཅིག་དང་ཕྱེད་ཀ་ལྷག་གི་འཚོ་བའི་རྟེན་གཞི་ཁོ་ན་ཆགས་ཡོད། མ་ཟད་སྐྱེ་དངོས་སྣ་ཚོགས་ཀྱི་འབྱུང་ཁུངས་ཆེ་ཤོས་དེ་བོད་ཀྱི་ཁོར་ཡུག་འདི་ཆགས་ཡོད། དཔེར་ན། ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་མི་འབོར་ས་ཡ་མང་པོར་ཆུའི་དགོས་མཁོ་བོད་ཀྱི་འཁྱགས་རོམ་དང་གཏན་ཆགས་འཁྱགས་རིམ་གྱི་བཞུར་རྒྱུན་ལ་ཐུག་ཡོད།

དཔེར་ན། རྒྱ་གར་དང༌། རྒྱ་ནག འབར་མ། ཝེཐ་ནཱམ། ལའཨོ་སུ། ཀའམ་བྷོ་ཌི་ཡ། བྷཱང་གྷ་ལཱ་དྷེཤ། པཱཀི་སཐཱན་བཅས་མི་འབོར་མང་ཞིང་འཕེལ་སྐྱེད་མྱུར་བའི་ཡུལ་གྲུ་ཁག་གི་དབར་དུ་ཆུའི་གནད་དོན་ཐད་དཀའ་ངལ་དང་དངངས་འཚབ་དུ་མ་འབྱུང་བཞིན་ཡོད་ལ། འབྱུང་ཁུངས་བོད་ནས་ཡིན་པའི་གཙང་པོ་དང་རྒྱུག་ཆུ་ཁག་ལ་རྒྱ་གཞུང་གིས་ཆུ་མཛོད་འཛུགས་སྐྲུན་བྱེད་པ་དང༌། འབགས་བཙོག་བཟོས་པ། རྒྱུག་ཆུའི་ཁ་ཕྱོགས་བསྒྱུར་བ་བཅས་ཀྱིས་ཡུལ་གྲུ་འདི་དག་ཏུ་ཛ་དྲག་གི་དཀའ་རྙོག་མང་པོ་བཟོས་དང་བཟོ་བཞིན་པས་མ་ཚད། འདས་ཟིན་པའི་ལོ་ངོ་ ༤༠ རིང་གི་འཁྱགས་རོམ་བརྒྱ་ཆ་ ༢༠ ཙམ་བྲི་ཟིན་པས་གལ་སྲིད་ད་ལྟའི་འཁྱགས་རོམ་གྱི་བྲི་ཚད་མུ་མཐུད་ནས་སོང་ན། ཡོད་བཞིན་པའི་འཁྱགས་རོམ་བརྒྱ་ཆ་ ༦༠ ཙམ་མ་འོངས་ལོ་ངོ་ ༤༠ ནང་ཤུལ་མེད་དུ་འགྲོ་ངེས་པས་ཨེ་ཤ་ཡའི་ཡུལ་གྲུ་དུ་མར་ཆུ་ལ་བརྟེན་ནས་ཛ་དྲག་གི་དཀའ་རྙོག་ཆེན་པོ་ཞིག་འཕྲད་རྒྱུའི་ཉེན་ཁ་འདུག་ལ། ད་དུང་ཨེ་ཤ་ཡའི་མི་མང་ལ་འཐུང་ཆུའི་གསོག་ཉར་གཞི་རྒྱ་ཆེ་ཤོས་སེང་གེ་ཁ་འབབ་དང༌། ཡར་ཀླུང་གཙང་པོ། རྫ་ཆུ། འབྲི་ཆུ། རྨ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་རྩ་བའི་འབྱུང་ཁུངས་ཙམ་མ་ཟད་འཛམ་བུ་གླིང་གི་མི་འབོར་བརྒྱ་ཆ་༥༠ཙམ་གྱི་ཆུའི་དགོས་མཁོ་ཕལ་མོ་ཆེར་བསྐྲུན་གྱི་ཡོད། རྒྱུ་མཚན་དེའི་དབང་གིས་བོད་ཀྱི་གནད་དོན་དེ་ཆབ་སྲིད་རྐྱང་པའི་གནད་དོན་ཞིག་མ་ཡིན་པར་དུས་རབས་འདིའི་ཁོར་ཡུག་གི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད།

དེའི་སྟབས་ཀྱིས་བོད་ལ་ཉེ་དུས་གོ་ལའི་སྣེ་མོ་གསུམ་པ་དང་ཨེ་ཤ་ཡའི་ཆུ་མཛོད་ཅེས་པའི་མིང་བཏགས་པ་དེས། བོད་ཀྱི་གངས་རི་དང་ཆུའི་འབྱུང་ཁུངས་རྣམས་ཀྱི་རིན་ཐང་གང་འདྲ་ཡིན་མིན་འགྲེལ་བརྗོད་གསལ་བོ་བྱས་ཡོད་སྟབས། དོན་ཚན་ལྔའི་སྒོ་ནས་འདིར་ཕེབས་འཐུས་མི་རྣམ་པར་རེ་སྐུལ་ཤུགས་དྲགས་བྱེད་ཀྱི་ཡོད། དང་པོ་ྋགོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བར་གྲོས་མོལ་མགྱོགས་མྱུར་ཡོང་ཐབས་སུ་ཤུགས་སྣོན་རྒྱག་རོགས། གཉིས་པ་བོད་ནང་གི་བོད་མིའི་དཀའ་ངལ་དངོས་ལ་ཞིབ་འཇུག་ཡོང་ཐབས་སུ་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གཏོང་ཐབས་ལ་འབད་རོགས། གསུམ་པ་རྒྱ་གཞུང་གིས་བོད་ཀྱི་གཏེར་ཁ་མང་པོ་སྔོག་འདོན་མཚམས་འཇོག་ཡོང་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་གནང་རོགས། བཞི་པ་བོད་ཀྱི་འབྲོག་སྡེ་རྣམས་ཀྱི་འཚོ་བ་གྲོང་ཁྱེར་ཅན་དུ་བསྒྱུར་བཞིན་པ་དེ་མཚམས་འཇོག་ཡོང་ཐབས་ལ་འབད་རོགས།  ལྔ་པ་བོད་ཀྱི་ཁོར་ཡུག་དང་གནམ་གཤིས། གཙང་པོ་རྣམས་རྒྱ་གཞུང་གིས་གང་འདོད་དུ་བེད་སྤྱོད་བཏང་དང་གཏོང་བཞིན་པ་དེ་བོད་མི་རང་ཉིད་ལ་བདག་དབང་ཡོང་ཐབས་སུ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་སོང༌།

དེ་ནས་རྩོམ་པ་པོ་རྨེའུ་དཀོན་རྒྱམ་ལགས་ཀྱིས་རྒྱ་གཞུང་གིས་ཁོང་གི་ནང་མིའི་མི་ཐོག་གསུམ་ལ་བཟོས་པའི་དཀའ་ངལ་སྐོར་ནས་གཏམ་བཤད་གནང་དོན། ངའི་ཁྱིམ་ཚང་ནི་རྔ་བ་རྫོང་གི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་ཟེར་བ་དེ་ཡིན། ངའི་སྤོ་བོ་དགེ་པད་ལི་ལ་རྒྱ་གཞུང་གིས་༡༩༦༩ལོར་ལོ་དགུའི་ཁྲིམས་ཐག་བཅད་དེ་བཙོན་ཁང་ནང་ནས་གྲོངས། དེ་མཚུངས་ངའི་རྨོ་མོ་བསོད་ནམས་སྐྱིད་ལ་ནག་ཉེས་ཆེ་བའི་ཞྭ་མོ་ཅན་གྱི་མིང་ཞིག་བཏགས་ནས་གཅར་རྡུང་དྲག་པོའི་ཁྲོད་ནས་འདས་གྲོངས་སུ་གྱུར། དེ་ནས་ངའི་ཕ་རྒན་དགེ་རིག་ལ་ཕྱི་ལོ་ ༡༩༩༨ རྒྱལ་གཅེས་ཆོས་གཅེས་ཟེར་བའི་རྒྱ་གཞུང་གིས་ལས་འགུལ་སྤེལ་སྐབས་སུ་ངོ་རྒོལ་གྱི་སྦྱར་ཡིག་བཀྲམས་པའི་ཉེས་མིང་འོག་ཟླ་བ་གཅིག་ལྷག་ལ་གཅར་རྡུང་བཙོན་འཇུག་ཐེངས་དང་པོ་དེ་བྱས་སོང༌།

ཡང་ཕྱི་ལོ་ ༢༠༠༨ བོད་གནས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་གཅར་རྡུང་བཙོན་འཇུག་ཐེངས་གཉིས་པ་བྱས། ཕྱི་ལོ་ ༢༠༡༡ རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་བའི་སྐོར་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གཅིག་ལྷག་ལ་བཙོན་འཇུག་ཐེངས་གསུམ་པ་དེ་བྱས། དེའི་སྐབས་སུ། ངའི་ཨ་མ་དོན་ཁོ་ཉིན་ཤས་རིང་གཅར་རྡུང་དང་བཀག་ཉར་བྱས་སོང་ལ། དུས་མཚུངས་ངའི་སྲིང་མོ་མེ་ཏོག་ལྷ་མོ་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། གཅར་རྡུང་དྲག་པོ་བྱས་ཏེ་ད་ལྟ་ཀླད་པ་སྐྱོན་ཅན་དུ་བཟོས་སོང༌།

༢༠༡༣ལོར་ངའི་ཕ་ཡུལ་རྨེའུ་རུ་མ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་དུས། ངའི་ཕ་མ་གཅིག་གི་སྲིང་མོ་སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་དོགས་གཞིའི་འོག་རྒྱ་གཞུང་གིས་བཙན་བཟུང་བྱས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ་ད་ལྟ་རྒྱ་གཞུང་གི་བཙོན་ཁང་ནང་དུ་ཡོད། མདོར་ན་རྒྱ་གཞུང་གིས་ངའི་ནང་མིའི་ཉེ་འབྲེལ་སྐྱ་སེར་ཕོ་མོ་བཅུ་གཉིས་ལ་རྒྱ་གཞུང་གིས་གཅར་རྡུང་དང་བཙོན་འཇུག གར་སོང་ཆ་མེད། ཉེས་མེད་ཁྲིམས་ཐག་བཅད་པ་སོགས་བྱས་སོང་ཞེས་མཚམས་སྦྱོར་བྱས་སོང༌།

མཇུག་མཐར་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ཀྱི་དྲི་བ་གང་ཡོད་ལ་ལན་འདེབས་བྱས་རྗེས་ཨོ་སི་ཁྲི་ལེ་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཝ་རན་ཨེན་ཇི་(Warren Entsch) ཀྱིས་རེ་སྐུལ་དོན་ཚན་ལྔ་ལ་རྒྱབ་སྐྱོར་གཙང་མ་ཡོད་པའི་ཞལ་བཞེས་གནང་བ་མ་ཟད་རྨེའུ་དཀོན་རྒྱམ་ལགས་ཀྱི་ནང་མིའི་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་ཆེན་པོ་ཡོད་སྐོར་གསུངས་སོང༌། ཞེས་གནས་ཚུལ་མཁོ་སྤྲོད་བཏང་བའི་ནང་བཀོད་འདུག་པ་བཅས།།


གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།