སྲིད་སྐྱོང་མཆོག་ལ་ཨ་རིའི་མཐོ་སློབ་ཀྱི་རྟགས་མ་འབུལ་གཏན་འཁེལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༠ཚེས་༥ཉིན་སྤེལ། ཕྱི་ལོ་༢༠༡༥ཟླ་༡༠ཚེས་༡༣ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཨ་རིའི་ས་ལིས་བུ་རི་Salisbury Universityགཙུག་ལག་སློབ་གཉེར་ཁང་གིས་སྙན་གྲགས་ཆེ་བའི་པེར་སི་ཌེན་ཤལ་རྟགས་མ་ Presidential Medalའབུལ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

དེ་ཡང་མཐོ་སློབ་དེས་གསལ་བསྒྲགས་སྤེལ་གནང་བའི་ནང་བཀོད་དོན། པིར་སི་ཌེན་ཤལ་རྟགས་མ་ཞེས་པ་དེ་ནི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ཚོགས་ནང་གཟེངས་སུ་ཐོན་པ་དང་འཆར་སྣང་ཅན་གྱི་འགོ་ཁྲིད་མི་སྣ་སྒེར་པ་ཁག་གཅིག་ལ་གནང་སྲོལ་ཡོད་པ་ཞིག་དང༌། ཐེངས་འདིའི་པེར་སི་ཌེན་ཤལ་རྟགས་མ་ཞེས་པ་འདི་མེ་རི་ལན་ཌི་མངའ་སྡེའི་ཁོངས་སུ་གཏོགས་པའི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་མཉམ་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་འབུལ་རྒྱུའི་ཐག་གཅོད་གནང་ཡོད་འདུག

དེ་བཞིན་འདི་ལོ་ཕྱི་ཟླ་བཅུ་པའི་ནང་སྲིད་སྐྱོང་མཆོག་གིས་ཁུལ་དེར་མང་གཙོ་དང་འབྲེལ་བའི་གསུང་བཤད་མ་གནང་གོང་དེ་གའི་ས་ལིས་བུ་རི་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་སྐུ་ཞབས་ཇ་ནེཌ་ཌུཌ་ལེ་ Dr. Janet Dudley-Eshbach ལགས་ཀྱིས་སྲིད་སྐྱོང་མཆོག་ལ་རྟགས་མ་དེ་འབུལ་རྒྱུ་ཡིན་འདུག

ཕྱོགས་མཚུངས་འདི་ལོ་ཕྱི་ཟླ་བཅུ་པའི་ནང་བོ་སར་མན་རྩོད་རྙོག་འདུམ་འགྲིག་བསྟི་གནས་ཁང་ Bosserman Centre for Conflict Resolution དུ་སྲིད་སྐྱོང་མཆོག་ལ་མགྲོན་འབོད་ཞུས་ཡོད་ལུགས་དབུས་བོད་མིའི་སྒྲིག་འཛུགས་གསར་འགྱུར་དྲ་ཚིགས་སུ་གནས་ཚུལ་སྤེལ་འདུག

མཁས་དབང་བློ་བཟང་སཻངྒ་མཆོག་གིས་༼གང་ཟག་གཅིག་གིས་ཀྱང་འགྱུར་བ་མི་འདྲ་བ་ཞི་གཏོང་ཐུབ། One Person Can Make a Difference༽ ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་དང༌། སྐབས་དེར་རྒྱལ་ཁབ་ཀྱི་དབུ་ཁྲིད་ཟུར་པ་ཁག་གཅིག་དང་དེ་བཞིན་ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཆེས་མཐོའི་མི་སྣ་ཁག་གཅིག་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་ལུགས་མཐོ་སློབ་དེའི་གསལ་བསྒྲགས་སུ་གསལ་འདུག

དེ་སྔོན་ཕྱི་ལོ་༢༠༡༢ཟླ་༣ཚེས་༡ཉིན་ཨ་ཡར་ལེན་ཌེའི་རྒྱལ་ས་ཌབ་ལིན་(Dublin) ཁུལ་གྱི་(Trinity College Historical Society of Trinity College )ཞེས་པའི་མཐོ་སློབ་དེས་སྲིད་སྐྱོང་མཆོག་ལ་མང་ཚོགས་ལ་ཕུལ་བྱུང་གཏམ་བཤད་ཀྱི་གསེར་གྱི་རྟགས་མ་འཕུལ་ཡོད་པ་མ་ཟད། འདི་ལོའི་ཟླ་༩ནང་སྲིད་སྐྱོང་མཆོག་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག་གནང་བ་དང༌། ཚོགས་པ་འདི་བཞིན་སློབ་ཕྲུག་ཚོགས་པ་ཆེ་ཤོས་གྲས་ཤིག་ཡིན་ཞིང༌། ཚོགས་པ་འདིའི་ལོ་འཁོར་ཚོགས་ཆེན་སྐབས་སློབ་ཕྲུག་ཆིག་ཁྲི་བརྒལ་བས་མཉམ་ཞུགས་བྱེད་ཀྱི་ཡོད་འདུག་པ་བཅས།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།