ཊུ་ནི་ཤི་ཡར་༢༠༡༥ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ༡༠ཚེས་༡༠ཉིན་སྤེལ། ༢༠༡༥ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཁ་ཆེའི་ཡུལ་གྲུ་ཊུ་ཤི་ཤི་ཡ་ཞེས་པའི་རྒྱལ་ཁབ་ཏུ་མང་གཙོ་འཕེལ་རྒྱས་ལ་བྱས་རྗེས་ཅན་གྱི་ཚོགས་པ་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་ལ་འབུལ་གཏན་འཁེལ་ཡོད་པའི་གནས་ཚུལ་ཐོན་འདུག

ཊུ་ནི་ཤི་ཡའི་མང་གཙོའི་གསར་བརྗེའི་ལས་འགུལ་མི་སྣ།དེ་ཡང་༢༠༡༥ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་༢༠༡༡ལོར་ཊུ་ནི་ཤི་ཡ་(Tunisia)ཡུལ་དུ་མང་གཙོ་ལམ་ལུགས་ལ་སྐུལ་འདེགས་དང་དེ་བརྒྱུད་ཨ་རབ་ཡུལ་ཁག་ཏུ་མེ་ཏོག་ཀུན་དའི་གསར་བརྗེ་(Jasmine Revolution)སྒེར་ལང་ཆེན་མོའི་སྐབས་མང་གཙོའི་ལས་འགུལ་སྣེ་འཁྲིད་གནང་མཁན་ཊུ་ནི་ཤི་ཡའི་༼རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་༽(National Dialogue Quartet)ཞེས་པར་འབུལ་རྒྱུར་ཟླ་༡༠ཚེས་༩ཉིན་ནོར་ཝེ་(Norway)རྒྱལ་ས་ཨོ་སི་ལོ་(Oslo)རྟེན་གཞི་བྱས་པའི་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་གསལ་བསྒྲགས་གནང་འདུག 

གསལ་བསྒྲགས་སུ་ཐོན་པ་གཞིགས་ན། ཡུལ་དེའི་མང་གཙོའི་ལས་འགུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པར་བྱས་རྗེས་ཅན་གྱི་གྲོས་མོལ་ལྷན་ཚོགས་དེ་ནི་རྒྱལ་ཁབ་དེའི་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་ལས་དོན་འདྲ་མིན་མཚོན་ཐུབ་པ་མ་ཟད། ཡུལ་དེར་ཕྱོགས་ཡོངས་ནས་མང་གཙོའི་ལམ་ལུགས་དེ་ཞི་བའི་ལམ་ནས་ངར་ཤུགས་ཆེན་པོས་སྐུལ་འདེགས་གཏོང་མཁན་གྱི་ཚོགས་པ་བཞི་ལས་གྲུབ་པ་ཞིག་ཡིན་ལུགས་གསལ་བསྒྲགས་སུ་གསལ་འདུག

ཚོགས་པ་དེ་བཞི་ནི་ཊུ་ནི་ཤི་ཡན་ངལ་རྩོལ་མཉམ་སྦྲེལ་ཚོགས་པ་(Tunisian General Labor Union)དང༌། ཊུ་ནི་ཤི་ཡན་བཟོ་ལས་དང་ལག་ཤེས་ཚོང་ལས་ཚོགས་པ།(Tunisian Confederation of Industry, Trade and Handicrafts) ཊུ་ནི་ཤི་ཡན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས།(Tunisian Human Rights League) དེ་བཞིན་ཊུ་ནི་ཤི་ཡན་ཁྲིམས་རྩོད་པའི་མཐུན་ཚོགས་T(unisian Order of Lawyers) བཅས་ཡིན་པ་རེད།

ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཡོངས་གྲགས་གསར་འགོད་གསལ་བསྒྲགས་ཤིག་ཏུ་གསུངས་པར་ལྟར་ན། གྲོས་མོལ་ཚོགས་པ་དེས་ཡུལ་དེའི་ནང་གསར་བརྗེ་སྒེར་ལངས་ཆེན་མོ་བྱུང་བའི་ཛ་དྲག་གི་སྐབས་སུ་རྙོག་གླེང་དང་དཀའ་ངལ་རྣམས་ཞི་མོལ་གྱི་ལམ་ནས་འགྲིགས་འཇགས་དང་སེལ་ཐབས་གནང་ཡོད་ལ། རྒྱལ་ཁབ་དེ་རང་དབང་མང་གཙོའི་ཕྱོགས་སུ་གོམ་པ་མདུན་སྤོའི་ཆེད་སྒེར་ལངས་ཆེན་མོའི་ལས་འགུལ་ཁག་སྣེ་འཁྲིད་གནང་བ་བརྒྱུད་དཀྱིལ་ཤར་ཡུལ་གྲུ་ཁག་དུ་མེ་ཏོག་ཀུན་དའི་གསར་བརྗེའི་ལས་འགུལ་ཆེན་མོར་ཤུགས་རྐྱེན་ཐེབས་ཡོད། དེ་བཞིན་བྱང་ཨ་ཧྥི་རི་ཀ་ལ་སོགས་པའི་རྒྱལ་ཁབ་ཁག་ནང་ཞི་བདེ་དང་མང་གཙོའི་རང་དབང་འཐབ་རྩོད་བྱེད་མཁན་རྣམས་ལ་མིག་དཔེ་བཟང་པོ་ཞིག་གཏོད་ཐུབ་ཡོད་ལུགས་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་ཀཱ་སི་ཀུལ་མན་ཧྥ་ཡི་ཧྥི་(Kaci Kullmann Five)མཆོག་གིས་གསལ་སྟོན་གནང་ཡོད་པ་རེད།

མུ་མཐུད་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་གསལ་བསྒྲགས་སུ་བཀོད་གསལ། འདི་ལོའི་གཟེངས་རྟགས་འབུལ་བ་བརྒྱུད་ཡུལ་དེར་མང་གཙོའི་ལམ་ལུགས་སྲ་བརྟན་གནས་ཐབས་དང༌། དེ་བཞིན་ད་ལྟའི་ཆར་ཡུལ་དེར་དཀའ་ངལ་དང་གནད་དོན་མང་པོ་ཞིག་ལ་གདོང་ལེན་གནང་བཞིན་པར་བརྟེན་ཡུལ་དེའི་མི་མང་ཚོར་སེམས་འགུལ་ཐེབས་རྒྱུར་དམིགས་པ་ཞིག་དང༌། ཡུལ་དེའི་མང་གཙོའི་ལས་འགུལ་གྱི་འཐབ་རྩོད་དེ་ཡང་འཛམ་གླིང་གི་ཡུལ་གྲུ་གཞན་ཚོས་མིག་དཔེ་འོས་པ་ཞིག་ཡོང་ཐབས་སུ་ཐེངས་འདིའི་ཞི་བདེའི་གཟེངས་རྟགས་དེ་འབུལ་གཏན་འཁེལ་བ་ཞིག་ཡིན་ལུགས་རྒྱས་འགྲེལ་གནང་འདུག

༢༠༡༡ལོར་ཊུ་ནི་ཤི་ཡའི་ཡུལ་དུ་མི་མང་གི་གསར་བརྗེའི་སྒེར་ལངས་ཆེན་མོ་བྱུང་སྟེ་སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་དེ་རྩ་མེད་བཏང་ཐུབ་ཡོད་ལ། སྒེར་ལངས་ཆེན་མོ་དེ་ལ་བརྟེན་ནས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་རང་དབང་དང་མང་གཙོའི་ལམ་ཕྱོགས་སུ་ཤར་བསྐྱོད་བྱ་རྒྱུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། དམིགས་བསལ་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་སཱི་རི་ཡ་(Syria)དང༌། སའུ་དྷི་ཨ་རབ་བྷི་ཡ། (Saudi Arabia) ཨེ་རན་ (Iran)བཅས་སུ་མི་མང་གི་ངོས་ནས་སྲིད་གཞུང་མང་གཙོ་ཅན་དང་མི་མང་ལ་རང་དབང་དགོས་པའི་སྒེར་ལངས་ཆེན་མོ་བར་མཚམས་མེད་པ་བྱུང་དང་འབྱུང་བཞིན་ཡོད་ལ། དེ་བཞིན་བྱང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཏུའང་སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་ལམ་ལུགས་ལ་གཞི་རིམ་མང་ཚོགས་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་ཊུ་ནི་ཤི་ཡའི་མང་གཙོའི་སྒེར་ལངས་ཆེན་མོ་བྱུང་རྗེས་ནས་བྱུང་དང་བྱུང་མུས་ཡིན་པ་རེད། 

སྤྱིར་ནོ་བྷེལ་གཟེངས་རྟགས་ལ་རིགས་མི་འདྲ་སྣ་ཚོགས་ཤིག་ཡོད་པ་དེ་རྣམས་ལོ་རེར་འབུལ་གྱི་ཡོད་ཅིང༌། དེ་ཡང་ཚན་རིག་དང་རྩིས་རིག དེ་བཞིན་སྨན་རིག དཔལ་འབྱོར་རིག་པ་སོགས་ལ་བྱས་རྗེས་ཅན་གྱི་མི་སྣ་གྲགས་ཅན་ཚོ་སོར་སོར་རིགས་ཕྱེས་ཏེ་གཟེངས་རྟགས་དེ་འབུལ་གྱི་ཡོད་པ་རེད། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་སྤྱིར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང༌། འཛམ་གླིང་ཞི་བདེ་སོགས་ལ་བྱས་རྗེས་ཆེན་པོ་བཞག་མཁན་གྱི་འཛམ་གླིང་གི་མི་སྣ་གལ་ཆེན་ཞིག་ལ་འབུལ་བཞིན་ཡོད།

འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་རྗར་མན་སྲིད་བློན་ལྕམ་ཨེན་ཇེ་ལཱ་མེར་ཁེལ་(Angela Merkel)མཆོག་དང༌། ཡི་ཤུ་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་(Pope Francis)མཆོག ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་(John Kerry) མཆོག དེ་བཞིན་མཉམ་འབྲེལ་རྒྱ་ཚོགས་ཀྱི་དྲུང་ཆེ་བྷན་ཀི་མུན་(Ban Ki-Moon) སོགས་དེ་བཞིན་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་མི་སྣ་གྲགས་ཅན་༢༧༣བྱུང་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།