༧གོང་ས་མཆོག་གི་ཨ་རིའི་ནང་གི་ཟླ་༡༠པའི་མཛད་འཆར་ཕྱིར་འཐེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༩ཚེས་༢༧ཉིན་སྤེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལུགས་སྨན་པས་བདུན་ཕྲག་ཁ་ཤས་ཀྱི་རིང་སྐུ་ངལ་གསོས་དགོས་པའི་ཞབས་སྐུལ་ཞུས་པ་ཡོད་པ་དང༌། དེ་བཞིན་༧གོང་ས་མཆོག་གི་ཕྱི་ཟླ་༡༠པའི་ནང་གི་ཨ་རིའི་མཛད་འཆར་ཁག་ཕྱིར་འཐེན་གནང་ཡོད་འདུག
དེ་ཡང་གནས་ཚུལ་ཐོན་པར་གཞིགས་ན། རྩ་བའི་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་ལ་སྙུང་གཞིའི་རིགས་གང་ཡང་མེད་ཀྱང༌། འཆར་ཅན་སྐུའི་འཕྲོད་བསྟེན་བརྟག་དཔྱད་ཆེད་ཨ་རིའི་མེན་ནི་སོ་ཌའི་མེ་ཡའོ་སྨན་ཁང་དུ་ཕེབས་ཡོད་ཅིང༌། སྨན་ཁང་དེའི་སྨན་པས་ཞབས་སྐུལ་ཞུས་པ་བཞིན་སྐུ་ངལ་གསོས་ཆེད་ཟླ་བ་རྗེས་མའི་ཨ་རིའི་ནང་གི་མཛད་འཆར་ཁག་ཕྱིར་འཐེན་གནང་བ་ཞིག་ཡིན་ལུགས་གནས་ཚུལ་སྤེལ་འདུག
དེ་དང་ཆབས་ཅིག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཀྱང་གསལ་བསྒྲགས་ཤིག་གནང་ཡོད་པ་དང༌། དེའི་ནང༌། ༧གོང་ས་མཆོག་གི་ཨ་རིའི་ནང་གི་ཕྱི་ཟླ་༡༠པའི་མཛད་འཆར་ཁག་ཕྱིར་འཐེན་གནང་དགོས་ཆགས་ཡོད་པ་དང༌། དེས་རྐྱེན་པས་མཛད་འཆར་གོ་སྒྲིག་ཞུ་མཁན་དང༌། དེ་བཞིན་མི་མང་མང་པོ་ཞིག་ལ་སྟབས་མི་བདེ་བ་བྱུང་ཡོད་པ་དེར་བློ་ཕམ་ཡོད་ཅེས་གསུངས་བཀོད་གནང་འདུག
གཞན་ཡང་སྐུ་སྒེར་དབྱིན་ཡིག་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་པི་ཞེས་པའི་གསར་འགྱུར་ལས་ཁང་ལ་ད་ལྟ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་བརྟག་དཔྱད་ལེགས་པར་གྲུབ་སྟེ་སྐུ་ཁམས་གསལ་ཐང་ཡིན་པ་འགྲེལ་བརྗོད་གནང་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།