དགོངས་ཚུལ།

༧གོང་ས་མཆོག་ཆིག་སྒྲིལ་བགྲོ་གླེང་ལ་ལྷན་ཞུགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༩ཚེས་༢༠ཉིན་སྤེལ། ༧གོང་ས་མཆོག་ཨིན་ཇིའི་ཁྱེམ་བྷི་རི་ཆི་གཙུག་ལག་སློབ་གྲྭའི་ནང་གསེས་མོ་ཌེ་ལིན་མཐོ་སློབ་ (Magdalene College) དུ་རྩོད་རྙོག་འདུམ་འགྲིག་དང་ཆིག་སྒྲིལ་སོགས་ཀྱི་བགྲོ་གླེང་ལ་ལྷན་བཞུགས་དང་ཚོགས་བཅར་བའི་བསམ་ཚུལ་དང་དྲི་བ་ཁག་ལ་བཀའ་ལན་གནང་ཡོད་པ་རེད།

དེ་ཡང་ྋགོང་ས་མཆོག་གི་དྲ་ཚིགས་སུ་སྤེལ་དོན། ཕྱི་ལོ་༢༠༡༥ཟླ་༩ ཚེས་༡༦དང་༡༧ཉིན་གཉིས་རིང་ཨིན་ཇིའི་ཁྱེམ་བྷི་རི་ཆི་གཙུག་ལག་སློབ་གྲྭའི་ནང་གསེས་མོ་ཌེ་ལིན་མཐོ་སློབ་ (Magdalene College) དུ་ཨཱིན་སི་ཕུ་རིས་སྒྲེ་ལོ་གྷུ་ཐེབས་རྩ་ཚོགས་པའི་གོ་སྒྲིག་ཞུས་པ་ལྟར་Inspire Dialogue Foundation ཁ་རིབ་སི་ཚོགས་ཁང་དུ་༧གོང་ས་མཆོག་བགྲོ་གླེང་ཞིག་གི་ཚོགས་མགོན་དུ་༧ཞབས་སོར་འཁོད་ཡོད་པ་དང༌། དེ་ཡང་ཚེས་ ༡༦ སྔ་དྲོ་ཆུ་ཚོད་༩ པའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་༧གོང་ས་མཆོག་དང་ཨིན་ཇིའི་དབུ་བླ་ཟུར་པ་རོ་ཝན་ཝིལ་ལི་ཡེམ་ (Bishop Rowan Williams) རྣམ་གཉིས་ཀྱིས་རྩོད་རྙོག་འདུམ་འགྲིག་དང་ཆིག་སྒྲིལ་ཞེས་པའི་ཐོག་བགྲོ་གླེང་དང༌། ཚོགས་བཅར་བའི་བསམ་ཚུལ་དང་དྲི་བ་ཁག་ལ་བཀའ་ལན་གནང་ཡོད་པ་རེད། 

དེ་ཡང་ལས་རིམ་གཙོ་སྐྱོང་བ་བྷོ་རོ་ནེས་པེ་ཊི་རེ་ཁེ་ཡཱ་ (Baroness Patricia Scotland) ལགས་ཀྱིས་ྋགོང་ས་མཆོག་དང་ཧི་ལི་རི་ཝི་ལམ་(Hillary Williams-Papworth)རྣམ་གཉིས་ལ་ཆེ་བསྟོད་ངོ་སྤྲོད་དང་སྦྲགས་ཉིན་དང་པོའི་བགྲོ་གླེང་དངོས་གཞི་དབུ་འཛུགས་གནང་ཡོད་པ་དང༌།  བགྲོ་གླེང་གི་ཐོག་མར་ྋགོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་སྤུན་ཟླ་རྒན་གཞོན་ཕོ་མོ་ཡོངས་ལ་འཚམས་འདྲི་ཞུ་ཞེས་གསུངས་བཤད་དབུ་འཛུགས་ཀྱིས་ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་གནས་སྡོད་བྱེད་མཁན་གཅིག་མཚུངས་ཡིན། དངོས་ཡོད་གནས་ཚུལ་ཐོག་ནས་ང་ཚོ་ཚང་མ་གཅིག་ལ་གཅིག་རྟེན་གྱི་གནས་སྟངས་ཐོག་འཚོ་བཞིན་པར་བརྟེན་གོ་ལ་གཅིག་གྱུར་ཡིན་བསམ་པའི་བསམ་བློ་གཏོང་དགོས་པ་ལས། ངའི་རྒྱལ་ཁབ་དང་ངའི་སྤྱི་ཚོགས་ཞེས་དུས་ཚོད་ཡོལ་ཟིན་པའི་སྐད་ཆ་དེ་དག་བཤད་ན་ཕན་ཐོགས་གང་ཡང་མེད།  དུས་ཚོད་ནི་འགྲོ་བཞིན་ཡོད། ང་ཚོས་འདས་ཟིན་པའི་དུས་ཚོད་ལ་བཟོ་བཅོས་བརྒྱབ་མི་ཐུབ། མ་འོངས་པ་གང་འདྲ་ཞིག་ཡོང་དང་མི་ཡོང་ཟེར་བ་དེ་ད་ལྟ་ང་རང་ཚོས་ག་རེ་བྱེད་དང་མི་བྱ་ལ་རག་ལུས་ཡོད། དུས་ཚོད་འགྱུར་བ་འགྲོ་བཞིན་ཡོད་རུང༌།  བསམ་བློ་གཏོང་སྟངས་དེ་རྙིང་པ་རང་འཇག་བསྡད་པ་ལ་བརྟེན་ནས་མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་ལྷག་གི་ཡོད། དཀའ་ངལ་དེ་དག་སེལ་བར་ཕྱོགས་ཡོངས་ཀྱི་གནས་སྟངས་ཤེས་པའི་བསམ་རྒྱ་ཆེ་ཙམ་གནང་དགོས་པ་ཡིན། དེར་བརྟེན་ངོས་རང་འདིར་རྣམ་པ་ཚོ་དང་ལྷན་འཛོམས་ཐོག་བསམ་ཚུལ་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་དང་ལེན་བྱེད་དུ་ཡོང་བ་ཡིན། ཞེས་སོགས་བཀའ་གནང་འདུག 

དེ་རྗེས་རོ་ཝན་ཝིལ་ལི་ཡེམ་ (Rowan Williams) མཆོག་གིས་ང་ཚོ་འགྲོ་བ་མིའི་རིགས་ལ་དཀའ་ངལ་འཕྲད་བཞིན་པ་ནི་མི་སྒེར་དང་སྤྱི་ཚོགས་སྒེར་གཅིག་གི་དཀའ་ངལ་མིན་པར་འགྲོ་བ་སྤྱིའི་དཀའ་ངལ་ཞིག་ཆགས་ཡོད། དེ་ཡང་དཔེར་ན་གྷི་རིག་ནང་འཕྲད་པའི་དཔལ་འབྱོར་གྱི་དཀའ་ངལ་དེ་བཞིན་རྒྱལ་ཁབ་གཅིག་གི་དཀའ་ངལ་གཅིག་པུ་མིན་པར་གོ་ལ་སྤྱིའི་དཀའ་ངལ་ལ་འགྱུར་ཡོད། དེ་བཞིན་བྷང་ལ་དྷེ་ཞིས་ལ་འཕྲད་པའི་ཁོར་ཡུག་དཀའ་ངལ་དང་གྷ་ན་དང་སིར་ར་ལི་ཨོན་ (Ghana and Sierra Leone) ནང་ནད་ཡམས་བྱུང་བའི་དཀའ་ངལ་དེ་དག་ཚང་མ་རྒྱལ་ཁབ་གཅིག་གི་དཀའ་ངལ་ཙམ་མིན་པར་གོ་ལ་སྤྱི་ལ་འཕྲད་པའི་དཀའ་ངལ་ཞིག་ཏུ་འགྱུར་ཡོད། དེར་བརྟེན་དཀའ་ངལ་དེ་དག་སེལ་བར་དཀའ་ངལ་གང་འདྲ་བྱས་ནས་ཡོང་གི་ཡོད་མེད་ཐད་རྟགས་དཔྱད་ཀྱིས་དཀའ་ངལ་འབྱུང་བའི་རྒྱུ་ངོས་འཛིན་ཐུབ་དགོས་པ་ཡིན་ཞེས་གསུང་བཤད་གནང༌།

དེ་རྗེས་ཚོགས་བཅར་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་མཐུན་རྐྱེན་དང༌། ཤེས་ཡོན། ཁོར་ཡུག  དེ་བཞིན་འཕྲོད་བསྟེན་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་སྐབས་ྋགོང་ས་མཆོག་དང་ཧི་ལི་རི་ཝི་ལམ་རྣམ་གཉིས་ཀྱིས་གཟིགས་ཞིབ་དང་དགོངས་འཆར་གནང་བ་དང༌། དེ་ནས་སླར་ཡང་ཚཽགས་ཁང་དུ་ཚང་འཛོམས་ཀྱིས་ཚོགས་ཆུས་སོ་སོའི་དགོངས་འཆར་མདོར་བསྡུས་རེ་ཚོགས་ཞུགས་པ་ཡོངས་ལ་སྙན་སྒྲོན་ཞུས་རྗེས་ཉིན་གུང་གསོལ་ཚིགས་གནང་ཡོད།

ཉིན་རྒྱབ་༡/༣༠ ནས་༣/༣༠ བར་ཚོགས་ཁང་ནང་ཁོར་ཡུག་གི་བརྗོད་གཞིའི་ཐོག་ཚོགས་འདུ་གནང་དོན་བཞིན་༧གོང་ས་མཆོག་དང་རོ་ཝན་རྣམ་གཉིས་ནས་དགོངས་འཆར་གནང་བ་དང༌། དེ་བཞིན་ཚོགས་བཅར་བའི་དགོངས་ཚུལ་ལྷུགས་པར་གནང་སོགས་ཚོགས་འདུ་ལེགས་གྲུབ་པར་གྲུབ། 

ཚེས་ ༡༧ ཉིན་སྤྱི་སེམས་འཆང་བ་དང་འབྲེལ་བའི་ཚོགས་ཐུན་གསུམ་པ་ཤེས་ཡོན་ཐོག་ཕུགས་རྒྱང་རིང་པོའི་དམིགས་ཡུལ་བཅངས་ཚུལ་ཞེས་པ་དང༌། ཚོགས་ཐུན་བཞི་པའི་སྐབས་སེམས་དོན་དང་འབྲེལ་བའི་དྲང་ཚུགས་དང་མིའི་བདེ་ཐང་སྐོར་ལ་ཚོགས་ཆུང་ཁག་འགོས་ཀྱི་བགྲོ་གླེང་གནང༌། དེ་རྗེས་མདོ་འཛིན་པས་ཐོག་མའི་གཏམ་གླེང་བྱས་རྗེས་ལོཌ་རོ་ཝན་ཝིལ་ལི་ཡེམ་(Lord Rowan Williams) ཀྱིས་ཤེས་ཡོན་ནང་མི་དང་མིའི་དབར་གྱི་སེམས་ཀྱི་འབྲེལ་བའི་སྐོར་ལ་གསུང་བཤད་གནང་བ་དང༌། དེ་རྗེས་༧ གོང་མཆོག་གིས་དགེ་རྒན་གྱིས་བསླབ་པ་ཙམ་ལ་ཡིད་ཚིམ་ནས་མ་བསྡད་པར་སློབ་མས་བརྡར་ཤ་གཅོད་དགོས་པ་དང༌། ཐོས་བྱུང་གི་ཤེས་རབ་ཙམ་གྱིས་མ་ཚིམ་པར་དཔྱད་བསྡུར་མཐིལ་ཕྱིན་བྱས་ཏེ་ངེས་ཤེས་རྙེད་རྒྱུ་གལ་ཆེ་བ་ཡིན།  དེ་ལ་རིགས་པ་མི་འདྲ་བ་དུ་མའི་ལམ་ལས་གྲུབ་མཐའ་མི་འདྲ་བ་སོ་སོས་རྒྱུ་མཚན་ཇི་བཀོད་ཤེས་པ་བྱས་ཏེ་དཔྱད་བསྡུར་གྱིས་ངེས་པ་རང་སྟེང་ནས་རྙེད་པར་བྱ་རྒྱུ་དང༌། རང་གིས་ཐག་ཆོད་པའི་ངེས་ཤེས་སྐྱེ་རྒྱུ་ཧ་ཅང་གལ་ཆེ་བ་ཡིན་ཞེས་སོགས་བཀའ་གནང་ཡོད་པ་རེད།

དེ་རྗེས་ཚོགས་མིའི་ནང་ཕན་ཚུན་སྦྱངས་བཤད་གལ་ཆེ་སྐོར་དང༌། དེང་སྐབས་ཕྲུག་གུ་ཚོས་ཤེས་ཡོན་རྭ་བའི་ནང་སློབ་སྦྱོང་བྱེད་སྐབས་སྐད་ཆ་བཤད་དཀའ་བའི་སྐོར་ལ་སོགས་པ་བསམ་ཚུལ་བརྗོད་རྗེས་རོ་ཝན་ཝིལ་ལི་ཡེམ་ལགས་ཀྱིས་ཤེས་ཡོན་སྤྲོད་སྟངས་ལ་སྐྱོན་ཞིག་ཡོད་སྐོར་གསུངས། དེ་ནས་༧གོང་ས་མཆོག་གིས་ཕན་ཚུན་སྦྱངས་བཤད་བྱེད་རྒྱུ་ཞེས་པ་སློབ་ཚན་ལ་རག་ལས་པ་མིན་ནམ། དགེ་སློབ་གཉིས་ཀ་རྒྱུས་ཡོད་པའི་སློབ་ཚན་ཐོག་ཤོད་རེས་འོང༌། ཞེས་དང༌།  མིའི་སེམས་ཁམས་འགྲོ་སྟངས་ཀྱི་ཐོག་ནས་ཨ་མས་བྱམས་བརྩེའི་རྣམ་འགྱུར་བསྟན་ན་བུས་དགའ་བའི་འཛུམ་མདངས་སྟོན་པ་དང༌། ཨ་མས་ཁྲོ་བའི་རྣམ་འགྱུར་བསྟན་མ་ཐག་བུས་མི་དགའ་བ་བྱེད་པ་གསལ་པོ་ཡིན། དེར་བརྟེན་སེམས་ཁམས་འགྲོ་སྟངས་ཀྱི་ཤེས་ཡོན་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཕྱོགས་གང་སར་མིའི་བདེ་དོན་ལ་ཁུར་མཉམ་ལེན་གྱིས་བཟང་པོའི་ཡོན་ཏན་སྤེལ་བར་བརྩོན་དགོས་ཞེས་སོགས་བཀའ་གནང་བ་དང༌། དེ་བཞིན་རྒྱལ་ཞེན་གྱིས་ཕན་ཐོག་མེད་པ་དང་མི་སྤྱི་ཡོངས་ཀྱི་བདེ་དོན་ལ་བརྩོན་དགོས་པའི་དུལ་བབ་ཡོད་པ་སོགས་བཀའ་གནང་བ་མ་ཟད།  མི་ཁ་ཤས་ཀྱིས་རྙོག་གྲ་བཟོ་སྲིད་ཀྱང་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཁྲིད་ཐབས་བྱེད་དགོས་ཞེས་སོགས་བཀའ་སློབ་སྩལ་རྗེས།  མདོ་འཛིན་པས་ང་ཚོ་ཚང་མ་ཕན་ཚུན་བལྟས་ནས་འཚོ་དགོས་པ་གསལ་པོ་ཆགས་ཞེས་དང༌། ཚོགས་མི་བུད་མེད་ཅིག་གིས་རང་ལ་མ་འགྲིག་པ་འོང་བསམ་པས་གཞན་ཕན་འབྱུང་དཀའ་ཚུལ་བཤད་པ་དང༌། ཡང་བུད་མེད་གཞན་ཞིག་གིས་ཕྲུ་གུར་ཨ་མ་ཧ་ཅང་གལ་གནད་ཆེ་སྐོར་བཤད་པ་དང༌། ཚོགས་མི་ཞིག་གིས་ཤེས་ཡོན་གྱིས་མི་ཆ་ཚང་བ་ཞིག་ཇི་ལྟར་བཟོ་དགོས་ཞེས་དྲིས་པར་༧གོང་ས་མཆོག་གིས་དེང་གི་ཤེས་ཡོན་གྱིས་ཕྱི་དངོས་པོར་གཙོ་བོར་དམིགས་པ་ཡིན་པས་ད་ཆ་དཀའ་ངལ་འཕྲད་ཡོད། དེང་གི་འཛམ་གླིང་རིག་གཞུང་དང་ཆོས་ལུགས་སྣ་ཚོགས་མཉམ་སྡོད་བྱ་ཡུལ་ཏུ་གྱུར་བའི་ཁོར་ཡུག་འོག་དེ་དང་བསྟུན་པའི་ཤེས་ཡོན་སྤྲོད་རྒྱུ་གལ་ཆེན་ཡིན་ཞེས་སོགས་གསུངས་པ་དང༌།    རོ་ཝན་མཆོག།  ཆོས་པ་ཡིན་རུང་ཤེས་ཡོན་གྱི་སྡེ་ཚན་གང་ཡང་ཡིན་རུང། སོ་སོའི་བསམ་འཆར་འདོན་པའི་རང་དབང་སུ་ལའང་ཡོད། འོན་ཀྱང་རང་ཤས་ཀྱིས་བཙན་བཀའ་གཏོང་མི་རུང༌།  སྐབས་འགར་རང་གིས་ཤེས་སྙམ་པ་དང་གདེང་སྤོབས་གཉིས་འཁྲུལ་མི་རིགས།   ཕ་མ་བུ་ཕྲུག་དབར་མི་ཐོགས་རྒན་གཞོན་གྱི་ཁྱད་པར་བློ་ངེས་ཐོག་ནས་གནས་ཚུལ་རྟོགས་ཐབས་བྱེད་དགོས་ཞེས་སོགས་གསུངས་པ་རེད།

ཉིན་རྒྱབ་ཆོུད་༡/༠༠ ཐོག་བགྲོ་གླེང་སླར་ཚུགས་ཏེ་༧གོང་ས་མཆོག་གིས་མི་འགའ་ཞིག་དད་པ་གཙོ་བོ་བྱས་ཏེ་ཆོས་བྱེད་ཀྱང་རྒྱུ་མཚན་བཙལ་ནས་ཉམས་ལེན་ལེགས་པོ་མི་བྱེད་པ་ཡོད། དེ་ལྟར་བྱས་ན་བྱམས་བརྩེའི་ཉམས་ལེན་གཤའ་མ་མི་ཡོང༌། འཇིག་རྟེན་བཀོད་པོ་འདོད་མཁན་རྣམས་ཀྱི་དཀོན་མཆོག་དེས་ང་ཚོར་བསམ་བློ་རང་དབང་ཡང་གནང་ཡོད་པར་འདོད། དེ་འདྲའི་བསམ་བློའི་རང་དབང་དེ་བེད་སྤྱོད་མ་ནོར་བ་གཏོང་གལ་ཆེ། ཆོས་ལུགས་སུས་ཀྱང་རང་རང་གི་དཀོན་མཆོག་དེ་ཁོང་ཁྲོའི་རང་བཞིན་ཅན་དུ་མི་འདོད་ཅིང༌། བྱམས་བརྩེའི་བདག་ཉིད་དུ་འདོད་པས། དེ་ལྟ་བུའི་དཀོན་མཆོག་གི་དགོངས་པ་ཚུལ་བཞིན་སྒྲུབ་དགོས་ན། བྱམས་བརྩེའི་ལག་ལེན་ངེས་པར་བསྟར་དགོས།  སེམས་དོན་དང་ཆོས་གཉིས་དབར་མུ་གསུམ་ཡོད་དེ།  སེམས་དོན་སྨྲ་བ་ཡིན་ན་ཆོས་ལུགས་པ་ཡིན་པའི་མ་ཁྱབ་ཀྱང་གཅིག་ཤོས་དེ་ཁྱབ་པ་ཡིན། རིགས་ལམ་གྱི་ཞིབ་ཆ་དེ་བློ་གྲོས་རྣཽ་པོ་བཟོ་བར་ཕན་ཆེ་ཞེས་སོགས་བཀའ་གནང་བ་དང༌།   ལོཌ་ཝིལ་ལི་ཡེམ་སི་ཡིས། སྒོམ་སྒྲུབ་བྱེད་རྒྱུ་དེ་འཚོ་བ་སྐྱེལ་ཙམ་ལ་ཕན་པ་མིན་པར། བདེན་པ་ལ་གཏུགས་པ་ཞིག་ཡིན་པ་ཤེས་རྒྱུ་དེ་གལ་ཆེ་ཞེས་སོགས་གསུངས་པ་རེད།
 
ཚོགས་འདུའི་མཇུག་ཏུ་ཚོགས་ཆུང་ཁག་གི་སྙན་ཐོ་བསྡུས་པ་རེ་ཕུལ་རྗེས་འཕྲུལ་རིག་དང་རྩོད་རྙོག་བསལ་ཐབས། རང་དབང༌། ཁོར་ཡུག ཤེས་ཡོན་སློབ་གསོ། འཕྲོད་བསྟེན་བཅས་ཀྱི་སྐོར་ཚོགས་འདུའི་སྙན་ཐོ་རེ་ཕུལ་ཏེ་ཉིན་གཉིས་རིང་གི་ཚོགས་འདུ་མཇུག་ལེགས་པར་གྲུབ་པ་དང༌། དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་རྣམས་ལ་མཇལ་ཁ་སྩལ་ཡོད་པ་བཅས། 






གསར་འགོད་པ་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།