རྒྱ་གཞུང་གི་འཁྱོག་བཤད་མཐའ་འཁྱོལ་ཐབས་མེད་པ་ཞིག་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༣༡ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཉི་ཧོང་གི་ཤུའི་ཁའོ་ཁུབ་ནང་བསྟན་ཆོས་ཚོགས་དང༌། ཨོ་ཁུའི་ནའ་ཝ་བྱང་ཆུབ་ཆོས་ཚོགས་གཉིས་ཀྱི་གདན་འབོད་ཞལ་བཞེས་གནང་སྟེ། ཟླ་འདིའི་ཚེས་༣༡ཉིན་ནས་ཟླ་རྗེས་མའི་ཚེས་༧བར་གྱི་ཉི་ཧོང་ནང་གི་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་འགོ་ཚུགས་ཡོད་པ་རེད།ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་བོད་ཀྱི་མཛའ་གྲོགས་མའེ་ཁུའུ་ནའོ་སའེ་ཤུའུ་མཆོག་དང༌། ཉི་ཧོང་དང༌ལྷོ་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་སྒོ་ལགས། དེ་བཞིན་བོད་རྒྱ་སོག་གསུམ་གྱི་སློབ་ཕྲུག་ཕོ་མོ་དང༌། ཉི་ཧོང་མི་མང་བཅས་ནས་ྋགོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག་ལ། མགོན་པོ་གང་ཉིད་ཀྱིས་ཟླ་འདིའི་ཚེས་༣༡ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ནང་གི་མང་ཚོགས་ལ་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་ཁར།  ཚེས་ ༡ ཉིན་རྒྱལ་ས་ཊོག་ཡོ་ནང་གི་ཚན་རིག་པ་ཁག་གཅིག་དང་ལྷན་དུ། གོ་ལའི་མདུན་ལམ་དང༌། ནང་ཆོས་ཀྱི་ཚན་རིག དེང་རབས་ཕྱིའི་ཚན་རིག་དབར་གྱི་བགྲོ་གླེང༌། ཞེས་པའི་ཚོགས་འདུར་ངོ་ཕེབས་གནང་རྒྱུ་གཏན་འཁེལ་ཡོད་པ་དང༌། ཕྱི་ཚེས་༣ཉིན་ྋགོང་ས་མཆོག་གིས་ཉི་ཧོང་གི་ཤུའུ་ཁའོ་ཁུའུ་གླིང་ཕྲན་གྱི་རྒྱལ་ས་མ་ཊི་སིའུ་ཡ་མ་གྲོང་ཁྱེར་ནང་མང་ཚོགས་ལ་བླང་དོར་བཀའ་སློབ་གནང་རྒྱུ་དང༌། དེ་བཞིན་ཕྱི་ཚེས་ ༥ ཉིན་གྲོང་ཁྱེར་ཨོ་ཀའི་ན་ཝའི་ནང༌། ཞི་བདེ་དང་བྱམས་བརྩེ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་རེད་འདུག དེ་ཡང་ྋགོང་ས་མཆོག་གིས་ཟླ་འདིའི་ཚེས་༣༡ཉིན་ཊོག་ཡོ་གྲོང་ཁྱེར་ནང་གི་རྒྱལ་སྤྱིའི་གསར་འགོད་པར།  ཁོང་རིག་གིས་ཆོས་ཕྱོགས་ཀྱི་ཆིབས་བསྒྱུར་མཛད་འཕྲིན་ལས། ཆབ་སྲིད་དང་འབྲེལ་བའི་ལས་དོན་སྒྲུབ་ཀྱིན་མེད་ལུགས་དང༌། གཞན་ཡང་རྒྱ་གཞུང་ལ་རྒྱལ་སྤྱིའི་གསར་འགོད་པ་དག་སྟངས་འཛིན་དམ་དྲག་མེད་པར་རང་དབང་སྒོས། བོད་ནང་གི་དངོས་ཡོད་གནས་བབས་རྒྱུས་ལོན་བྱེད་པར་འགྲོ་འོང་བྱེད་དུ་འཇུག་རོགས་ཀྱི་འབོད་སྐུལ་གནང་ཡོད་དོན། གལ་སྲིད་བོད་ནང་གི་བོད་མི་རྣམས་རྒྱ་གཞུང་གི་ལབ་པ་ནང་བཞིན་བདེ་ཞིང་སྐྱིད་པ་ཡིན་ཚེ། ང་ཚོས་ཁྱབ་བསྒྲགས་བྱེད་བཞིན་པའི་གནས་ཚུལ་དག་རྫུན་མ་ཆགས་ཡོད་ཅིང༌། ང་ཚོས་རྒྱ་གཞུང་ལ་དགོངས་དག་ཞུ་འོས་པ་མ་ཟད། ང་ཚོའི་ལས་འགུལ་མཐའ་དག་མཚམས་འཇོག་བྱེད་འོས།  འོན་ཏེ་རྒྱ་གཞུང་གི་ལབ་པ་དག་བདེན་པ་མིན་ཚེ། རྒྱ་གཞུང་གིས་དངོས་དོན་བདེན་འཚོལ་གྱི་ཐབས་ལམ་བརྒྱུད་གནས་བབས་དེ་ལེགས་བཅོས་བྱེད་འོས། གང་ཡིན་ཞེ་ན། འཁྱོག་བཤད་ཀྱི་མཐའ་འཁྱོལ་ཐབས་ཡོད་པ་མ་རེད། ཅེས་བཀའ་བསྩལ་ཡོད་འདུག

མགོན་པོ་གང་ཉིད་ཀྱིས་མུ་མཐུད་དུ་བོད་ནང་གི་དངོས་དོན་གསལ་རྟོགས་ཡོང་བར་རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་དུ་འགྲོ་འོང་བྱེད་དུ་འཇུག་འོས་པ་དང༌། དེ་ལྟར་བྱས་ཚེ་རྒྱ་ནག་དང་འཛམ་གླིང་རྒྱལ་ཁབ་ཁག་གཞན་དབར་ཡིད་ཆེས་བསྐྲུན་པར་ཕན་འབྲས་ཐོན་ཐུབ་པ་མ་ཟད། གོ་ལའི་གནད་དོན་ཁག་ཐག་གཅོད་བྱེད་པར་རྒྱ་གཞུང་གིས་དབང་ཤུགས་ཆེན་པོ་འདོན་ཐུབ་ལུགས་སྐོར་བཀའ་ཕེབས་ཡོད་དོན། ཡག་བཙོག་གི་དངོས་དོན་གང་ཡིན་རུང༌། རྒྱ་ཆེའི་མི་མང་གིས་དེ་ཤེས་རྟོགས་གསལ་བོ་ཡོང་དགོས་པ་རེད། འོན་ཀྱང་གཅིག་བསྡུས་བཙན་དབང་ཅན་གྱི་རྒྱལ་ཁབ་ཁག་ནང་དང༌། ལྷག་དོན་དུ་རྒྱ་ནག་ནང་དེ་འདྲ་བྱེད་ཆོག་གིན་ཡོད་པ་མ་རེད་ལ། དེ་ངེས་པར་བཅོས་བསྒྱུར་བྱེད་དགོས་པ་ཞིག་རེད། རྒྱ་གཞུང་གིས་གོ་ལ་འདིའི་ཐོག་དོན་ཕན་གྱི་ལས་དོན་སྒྲུབ་པར་ཡིད་རྟོན་རག་རྒྱུ་ནི་ཆེས་མེད་དུ་མི་རུང་བ་ཞིག་ཡིན། ཞེས་དང༌། རྒྱ་གཞུང་གིས་ངོས་ནི་རྙོག་གྲ་བཟོ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།

རྒྱ་གཞུང་གིས་ངོས་ཀྱི་འགྲོ་བསྐྱོད་ཚང་མ་ཆབ་སྲིད་ཀྱི་ངོ་བོ་དང་དགོས་དམིགས་ལྡན་པར་ངོས་འཛིན་བྱེད་ཀྱིན་འདུག ངོས་ཀྱི་འགྲོ་བསྐྱོད་ཚང་མ་ཆབ་སྲིད་ཀྱི་ངོ་བོ་མེད། ཅེས་གསུངས་ཡོད་འདུག

འཆར་ཟླའི་ཚེས་༨ཉིན། གོང་ས་མཆོག་རྒྱ་གར་ནག་གཉིས་ཀྱི་བདག་དབང་རྩོད་རེས་ས་མཚམས་ཁུལ་ཨ་རུ་ན་ཅལ་མངའ་ཁོངས་ཀྱི་རྟ་དབང་དགོན་དུ་ཆིབས་བསྐྱོད་གནང་རྒྱུའི་ཐད་རྒྱ་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་པ་དང༌། མགོན་པོ་གང་ཉིད་ཀྱིས་འདིའི་ཐད་ལ། གལ་སྲིད་ངོས་ཀྱི་འགྲོ་བསྐྱོད་ཀྱིས་དཀའ་རྙོག་བསྐྲུན་ཚེ། ངོས་རང་སེམས་ཧ་ཅང་སྐྱོ་བོ་བྱུང་ས་རེད། འདི་ནི་དངངས་སྐྲག་ཆེ་བའི་འགྲུལ་བཞུད་ཅིག་རེད་མོད། ངོས་རང་རྟ་དབང་ལ་འབྱོར་དུས་དེ་མ་ཐག་པའི་བག་ལྷོད་ཅིག་སྐྱེས་གི་འདུག ངོས་རང་ས་ཆ་དེར་དགའ་བོ་ཡོད། ཅེས་དགོངས་ཚུལ་གསུངས་ཡོད་འདུག

འདི་ནི་ྋགོང་ས་མཆོག་ཉི་ཧོང་ལ་ཆིབས་བསྒྱུར་གནང་ཐེངས་༡༢དེ་ཆགས་ཡོད་པ་དང༌། ཆིབས་བསྒྱུར་ཐོག་མ་དེ་ཕྱི་ལོ་༡༩༦༧ལོར་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།