དགོངས་ཚུལ།

ཨེ་ཤ་ཡ་དང་ཨོ་སི་ཊོ་ལེ་ཡའི་སྤྱི་འཐུས་འོས་མི་རྣམས་ཀྱི་བགྲོ་གླེང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༩།༡༤ཉིན་སྤེལ། ཨེ་ཤ་ཡ་དང་ཨོ་སི་ཊོ་ལེ་ཡའི་བོད་མི་མང་སྤྱི་འཐུས་འོས་མི་རྣམས་ཀྱི་རང་རང་སྤྱི་འཐུས་སུ་ལངས་དགོས་པའི་དམིགས་ཡུལ་དང་ལས་འཆར་སྐོར་ནས་ས་གནས་མི་མང་དང་མཉམ་དུ་དྲི་བ་དྲིས་ལན་གྱི་བགྲོ་གླེང་འཁྲུག་ཆ་དོད་པོ་ཞིག་གོ་སྒྲིག་བྱས་ཡོད་འདུག

རྨེའུ་དཀོན་རྒྱམ་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༢ རེས་གཟའ་སྤེན་པའི་ཉིན་གྱི་དགོང་མོའི་དུས་ཚོད་ ༥ ཐོག་ཨོ་སི་ཊོ་ལེ་ཡའི་སེད་ནེའི་གྲོང་ཁྱེར་གྱི་བྱང་ཕྱོགས་མཚོ་ཁུལ་ནས་དང་བླངས་ལས་འགུལ་བ་ཁག་ཅིག་གིས་ཞེས་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལེ་ཡའི་བོད་མི་མང་སྤྱི་འཐུས་འོས་མི་རྣམས་ཀྱི་རང་རང་སྤྱི་འཐུས་སུ་ལངས་དགོས་པའི་དམིགས་ཡུལ་དང་ལས་འཆར་སྐོར་ནས་ས་གནས་མི་མང་དང་མཉམ་དུ་དྲི་བ་དྲིས་ལན་གྱི་བགྲོ་གླེང་འཁྲུག་ཆ་དོད་པོ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་ཨོ་སི་ཊོ་ལེ་ཡའི་སྐུ་ཚབ་དོན་གཅོད་སྐུ་ངོ་ལྷག་པ་མཚོ་སྒོ་མཆོག་དང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོས་དབུས་རྒྱུན་ལས་རྣམ་པ། ས་གནས་འོས་བསྡུའི་ཚོགས་ཆུང་དང་ཟུར་དཔང་རྣམ་པ། གསར་འགོད་པ་དང་མི་མང་བརྒྱ་དང་ལྔ་བཅུ་ལྷག་འདུ་འཛོམས་གནང་སོང་།
 
བོད་མི་མང་ཁྲིམས་བཟོ་ལྷན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དུས་དགུ་པའི་ཐོག་གཏན་འབེབས་གནང་བ་བཞིན་ཨེ་ཤ་ཡ་དང་ཨོ་སི་ཊོ་ལེ་ཡར་གནས་སྡོད་བོད་མི་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁོངས་སུ་སྤྱི་འཐུས་གཅིག་གི་ཞབས་སྟེགས་གནང་ཡོད་པ་དེར། སེད་ནེའི་གྲོང་ཁྱེར་ནས་འོས་མི་བཞི་དང་རྒྱལ་ས་ཁེན་སྤེ་ར་ནས་འོས་མི་གཅིག ནེ་ཡོ་ཁེ་གསར་གྲོང་ཁྱེར་ནས་འོས་མི་གཅིག མེལ་སྤོན་གྲོང་ཁྱེར་ནས་འོས་མི་གཉིས། དེ་བཞིན་ཐའེ་ཝན་ནས་འོས་མི་གཅིག་བཅས་ཁྱོན་འོས་མིར་བཞེངས་མཁན་བཅུ་བྱུང་ཡོད།


དང་བླངས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་ཐེངས་འདིའི་མི་མང་དང་མཉམ་དུ་བགྲོ་གླེང་བྱེད་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་བར། ༸གོང་ས་མཆོག་གི་དགོངས་གཞི་ནང་བཞིན་བོད་ཀྱི་མང་གཙོ་དེ་མང་གཙོ་ཡང་དག་པའི་ཕྱོགས་སུ་བསྐྱོད་ཐབས་དང་མི་མང་གི་ལས་འགན་མི་མང་རང་གིས་ཤེས་རྟོགས་དང་ལག་ལེན་གྱི་སྒོ་ནས་ཐུགས་འགན་བཞེས་ཐབས། དེ་བཞིན་མིང་དོན་མཚུངས་པའི་དེང་རབས་མང་གཙོའི་ལམ་ལུགས་དེ་བཟང་སྤྱོད་དང་ཆེ་མཐོང་ལྡན་པའི་ཐོག་ནས་བེད་སྤྱོད་གནང་ཕྱོགས། མི་མང་གིས་འོས་འདེམས་བྱས་པའི་འཐུས་ཚབ་རྣམ་པར་མི་མང་རང་གིས་སྟངས་འཛིན་གནང་ཕྱོགས། སྤྱི་པའི་སྐུ་ཚབ་མི་མང་གིས་འོས་འདེམས་བྱེད་པའི་སྐབས་སུ་མ་ནོར་མ་འཁྱུག་པའི་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཤེས་ཡོན་དང་སྤྱི་སེམས། འཇོན་ཐང་དང་ཉམས་མྱོང་ཡོད་པ་ཞིག་འོས་འདེམས་ཡོང་ཐབས་བཅས་ཀྱི་ཆེད་དུ་མི་མང་རང་གི་མདུན་ནས་འདི་ལྟར་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད་པ་དང་དེ་རྗེས་འོས་མི་རེ་རེའི་ངོས་ནས་རིམ་བཞིན་སྤྱི་འཐུས་སུ་བཞེངས་དགོས་པའི་དམིགས་ཡུལ་དང་ལས་འཆར་སྐོར་ནས་སྐར་མ་བཅུ་རེ་གཏམ་བཤད་གནང་སོང་ལ། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འོས་མི་རེ་རེ་ལ་དྲི་བ་གཅིག་རེ་དང་མང་ཚོགས་ཀྱི་ངོས་ནས་ཀྱང་འོས་མི་རྣམས་ལ་དྲི་བ་གང་མང་ཕུལ་བ་ལན་འདེབས་གནང་སོང་། ཐའེ་ཝན་ནས་ཀྱང་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་ཟུར་དགྲ་བཅོམ་པ་ལགས་ཀྱིས་དྲ་ལམ་ནས་ཐེངས་འདིའི་བགྲོ་གླེང་ལ་མཉམ་ཞུགས་དང་གཏམ་བཤད་གནང་སོང་།


འོས་མི་སེད་ནེ་བོད་མི་རིགས་མཐུན་ཚོགས་ཀྱི་ཚོགས་ཟུར་བ་ཁོང་གཉེར་ཚང་ཕུར་བུ་བཀྲ་ཤིས་ལགས་ཀྱིས་དམིགས་ཡུལ་དང་ལས་འཆར་སྐོར་ནས་གསུང་དོན། ཨོ་སི་ཊོ་ལེི་ཡའི་ནང་གཏན་སྡོད་བོད་མི་དང་དབུས་བོད་མིའི་སྒྲིག་འཛུགས་དབར་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་བྱེད་རྒྱུ་དང་ཨོ་སི་ཊོ་ལེ་ཡའི་ཁྲིམས་ཐོག་ནས་བོད་མི་སྔར་ལས་མང་པོ་འཐེན་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ། བོད་མིའི་རིག་གཞུང་དང་གོམས་གཤིས་བཟང་པོ་རྣམས་སྲུང་སྐྱོབ་ཆེད་མཉམ་གནས་ཀྱི་ཁོར་ཡུག་གསར་བ་བསྐྲུན་ཐབས་བཅས་ལ་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་སོང་།
 
འོས་མི་སྐབས་བཅུ་གསུམ་པའི་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་དྲིལ་བསྒྲགས་འགན་འཛིན་བརྩོན་འགྲུས་འོད་ཟེར་ལགས་ཀྱིས་རང་ཉིད་སྤྱི་འཐུས་ཀྱི་འོས་མིའི་ཁོངས་སུ་ལངས་དགོས་པའི་དམིགས་ཡུལ་དང་འཆར་གཞིའི་སྐོར་ནས་གསུང་དོན། ཨོ་སི་ཊོ་ལེི་ཡའི་གཞུང་དང་གྲོས་ཚོགས་གོང་འོག་ལ་བོད་དོན་ཞུ་གཏུགས་ལས་འགུལ་སྔར་ལས་གོང་འཕེལ་གཏོང་ཐབས་དང་ཧོང་ཀོང་གཙོས་ཨེ་ཤ་ཡའི་མང་གཙོའི་ལས་འགུལ་ཁག་ལ་མཉམ་ཞུགས་དང་གོ་སྐབས་རྩོད་ལེན་བྱ་རྒྱུ། ཆོས་ཚོགས་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུ། ས་གནས་སོ་སོའི་བོད་མིའི་དཀའ་ངལ་དང་གནས་སྟངས་ཁག་དབུས་བོད་མིའི་སྒྲིག་འཛུགས་ལ་སྙན་གསེང་དུས་ཐོག་ཏུ་ཞུ་རྒྱུ། ཡང་ཁོང་གིས་རྩ་དོན་དང་དམ་བཅའི་སྐོར་ནས་གཏམ་བཤད་གནང་དོན། ཆོལ་ཁ་ཕྱོགས་རེས་དང་ཆོས་ལུགས་འཐེན་ཁྱེར་རྩ་ནས་མི་བྱེད་པའི་དམ་བཅའ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལ་མི་འགལ་བའི་དམ་བཅའ། བོད་ཀྱི་བདེན་མཐའ་གསལ་ཐབས་སུ་ངོ་ལྐོག་རྒྱབ་མདུན་མེད་པའི་རྩ་དོན་ཡོད་སྐོར་ནས་གསུངས་སོང་།


འོས་མི་ཨོ་སི་ཊོ་ལེི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལས་ཐོགས་པ་བློ་བཟང་ལུང་རྟོགས་ལགས་ཀྱིས་ཁོང་སྤྱི་འཐུས་སུ་ལངས་དགོས་པའི་དམིགས་ཡུལ་དང་འཆར་གཞིའི་སྐོར་ནས་གཏམ་བཤད་གནང་དོན། བོད་རིགས་ཚོགས་པ་ནང་ཁུལ་ལ་འབྲེལ་ལམ་གནང་དུས་ཕྱི་གསལ་ནང་གསལ་གྱིས་ནུས་པ་ལྡན་པའི་འཛིན་སྐྱོང་བྱེད་རྒྱུ་དང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། སྲིད་དོན་མི་སྣ། བོད་དོན་རྒྱབ་སྐྱོར་ཚོགས་པ། ནང་པའི་ཆོས་ཚོགས་ཁག ལྷག་པར་བཙན་བྱོལ་བོད་གཞུང་བཅས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ། ས་གནས་སོ་སོའི་མི་མང་གི་གནས་བབ་དང་དཀའ་ངལ། རེ་བ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདུན་སར་དུས་ཐོག་ཏུ་སྙན་གསེང་ཞུ། ལས་དོན་འདི་དག་དངོས་སུ་ལག་བསྟར་བྱས་ནས་མ་འོངས་རྒྱུན་རིང་པོར་བོད་རིགས་ཚོགས་པ་ཁག་བརྟན་པོ་དང་སྟོབས་ཤུགས་ཅན་ཞིག་ཏུ་བསྒྱུར་རྒྱུ་བཅས་ཡིན་སྐོར་གསུངས་སོང་།
 
འོས་མི་ཨོ་སི་ཊོ་ལེི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཟུར་དགོ་ཚང་ནེ་རྒན་ལགས་ཀྱིས་ཁོང་སྤྱི་འཐུས་བཞེངས་དགོས་པའི་དམིགས་ཡུལ་སྐོར་ནས་གསུང་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་གསུམ་དང་རྩ་དོན་གཉིས་ཀྱི་སྒོ་ནས་ལངས་པ་ཡིན། དང་པོ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་གཉིས་པ་བོད་དོན་འཐབ་རྩོད་སེལ་ཐབས་ཀྱི་བོད་རྒྱ་གྲོས་མོལ་ལ་མུ་མཐུད་རྒྱབ་སྐྱོར་གཙང་མ་ཡོད་པ། གསུམ་པ་ཨེ་ཤ་ཡའི་ནང་ཡོད་པའི་བོད་རིགས་རྣམས་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས། རྩ་དོན་གཉིས་ནི་དབུས་བོད་མིའི་སྒྲིག་འཛུགས་དང་ཨེ་ཤ་ཡའི་བོད་མིའི་དབར་གྱི་འབྲེལ་ལམ་ཐད་ལ་ཕོ་ཉ་ལྟ་བུ་བྱེད་རྒྱུ་དང་སྐབས་དང་དུས་ལ་བསྟུན་ནས་ལས་འགུལ་སྣ་མང་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་།
 འོས་མི་ཨོ་སི་ཊོ་ལེི་ཡའི་གཞུང་ཚབ་དོན་གཅོད་ཁང་གི་དྲུང་ཟུར་དངོས་གྲུབ་རྒྱལ་མཚན་ལགས་ཀྱིས་སྤྱི་འཐུས་ལ་བཞེངས་དགོས་པའི་དམིགས་ཡུལ་དང་ལས་འཆར་སྐོར་ནས་གསུང་བཤད་གནང་དོན། གཞུང་ལ་ཞབས་ཕྱི་བསྒྲུབས་ནས་ལོ་ངོ་བཞི་བཅུ་ལྷག་ཕྱིན་པའི་ཉམས་མྱོང་དང་དམིགས་བསལ་གཞུང་ཞབས་མང་ཆེ་ཤོས་རྩིས་ཞིབ་དང་འབྲེལ་བ་ཆེན་པོ་བྱས་པ་ཡིན་དུས། གྲོས་ཚོགས་ནང་ནས་ལོ་རེའི་སྔོན་རྩིས་གཏན་འབེབས་གནང་སྐབས་ཐུགས་ཕན་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་པ། ཨོ་སི་ཊོ་ལེ་ཡའི་ནང་གི་བོད་དོན་རྒྱབ་སྐྱོར་བ་ཇེ་མང་དུ་གཏོང་ཐབས་དང་ས་གནས་སོ་སོའི་མི་མང་དང་མཉམ་དུ་གྲོས་བསྡུར་དང་བསམ་འཆར་བསྡུ་ལེན་བྱས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྙན་གསེང་དུས་ཐོག་ཏུ་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།

འོས་མི་ཨོ་སི་ཊོ་ལེི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་སྐབས་དང་པོའི་ཚོགས་ཟུར་བསམ་འགྲུབ་ཚེ་རིང་ལགས་ཀྱིས་སྤྱི་འཐུས་འོས་མིར་བཞེངས་ཐུབ་པའི་ཉམས་མྱོང་དང་དམིགས་བསལ་ཁྱད་ཆོས་སྐོར་ནས་གཏམ་བཤད་གནང་དོན། གཙོ་བོ་༸གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་གཞིར་བཟུང་མེལ་སྤོན་བོད་རིགས་ཚོགས་པའི་ཚོགས་གཙོའི་འགན་འཁུར་སྔ་ཕྱི་མི་ལོ་བཅུ་གཉིས་ལྷག་བྱས་པའི་ཉམས་མྱོང་དང་ཕྱི་ལོ་ ༢༠༠༩ ལོར་མེལ་སྤོན་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་བྱས་ཡོད་པ། ཕྱི་ལོ་ ༡༩༩༢ ལོར་༸གོང་ས་མཆོག་ཨོ་གླིང་གདན་ཞུ་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་ཏེ་༸སྐྱབས་མགོན་རིན་པོ་ཆེ་མཆོག་ཨོ་སི་ཊོ་ལེི་ཡའི་ནང་ཐེངས་བདུན་ཙམ་གདན་འདྲེན་ཞུ་ཐུབ་པ་བྱུང་ཡོད་སྐོར་གསུངས་སོང་།


འོས་མི་ཨོ་སི་ཊོ་ལེི་ཡའི་བོད་དོན་ལྷན་ཁང་གི་ལས་འགུལ་འགན་འཛིན་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་སྤྱི་འཐུས་ཀྱི་འོས་མིར་བཞེངས་དགོས་པའི་རྒྱབ་ལྗོངས་དང་ལས་འཆར་སྐོར་ནས་གཏམ་བཤད་གནང་དོན། ཡོངས་ཁྱབ་སྐུལ་སྤེལ་དང་རྨང་གཞི་སྲ་བརྟན། གོང་བུ་ཆིག་སྒྲིལ་བཅས་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་རྩ་དོན་གསུམ་ཡིན་སྐོར་དང་། ལྷག་པར་ཆུང་བྱིས་པའི་དུས་སྦྱངས་པའི་ཤེས་ཡོན་གྱི་གནས་ཚད་དང་ཕ་མ་དགེ་བའི་བཤེས་གཉེན་གྱིས་གདམས་པའི་བསླབ་བྱ། སྤྱི་ཚོགས་འདྲ་མིན་ནང་ཞུགས་པའི་ཉམས་མྱོང་དང་ས་གནས་བོད་མི་རྣམས་ཀྱི་གནས་བབ་ལ་རྒྱུས་མངའ་ཡོད་སྐོར་གསུངས་སོང་།

འོས་མི་མལ་སྤེན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཟུར་ཐུབ་བསྟན་དོན་གྲུབ་ལགས་ཀྱིས་སྤྱི་འཐུས་འོས་མིར་ལངས་དགོས་པ་དང་ལས་འཆར་སྐོར་ནས་གསུང་དོན། བོད་ཀྱི་སྐད་ཡིག་དང་རིག་གཞུང་གཅེས་སྐྱོང་བྱ་ཐབས་ལ་ཐབས་ཤེས་ཡོད་རྒུ་འདོན་རྒྱུ་དང་ཨེ་ཤ་ཡའི་ཁུལ་གྱི་བོད་རིགས་ཚོགས་པ་ཁག་གི་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ། ཨོ་སི་ཊོ་ལེི་ཡའི་གྲོས་ཚོགས་ཁོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་སྔར་ལས་མང་པོ་གཏོང་ཐབས། བོད་རིགས་འདུས་སྡོད་ཀྱི་ས་གནས་སོ་སོར་ནང་མིའི་དཀའ་ངལ་སེལ་ཆེད་བུ་གཉོར་ཁང་འཛུགས་ཐབས་བྱ་རྒྱུ་དང་བོད་རིགས་མཐུན་ཚོགས་ཀྱི་སྤྱི་ཁང་གང་མྱུར་སྒྲུབ་ཐབས་བྱ་རྒྱུ། དེ་མཚུངས་ས་གནས་མི་མང་གི་དགོངས་འཆར་སྤྱི་དང་ཤེས་ཡོན་ཅན་རྣམ་པའི་ཐབས་བྱུས། རང་གཞུང་ཁྲིམས་བཟོ་ལྷན་ཚོགས་ཀྱི་མདུན་སར་སྤུངས་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།

འོས་མི་སེད་ནེ་བོད་མི་རིགས་མཐུན་ཚོགས་ཀྱི་ཚོགས་ཟུར་འཇིགས་མེད་རྡོ་རྗེ་ལགས་ཀྱིས་སྤྱི་འཐུས་སུ་བཞེངས་དགོས་པའི་དམིགས་ཡུལ་དང་ལས་འཆར་སྐོར་ནས་གསུང་དོན། ༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འོག་ཏུ་ཤར་བསྐྱོད་བྱ་རྒྱུ་དང་། ལྷག་པར་བོད་ནང་གི་གནས་བབ་གསལ་སྟོན་ཆེད་ཞུ་གཏུགས་ལས་འགུལ་གང་མང་སྤེལ་རྒྱུ། གཞུང་དང་གྲོས་ཚོགས་གོང་འོག་ལ་འབྲེལ་ལམ་སྔར་ལས་ཡག་ཏུ་གཏོང་ཐབས་དང་ས་གནས་མི་མང་གནས་བབ་སྐབས་སོ་སོར་རྟོག་ཞིབ་སོགས་ཀྱིས་མཚོན་པའི་བོད་མིར་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་དང་འདུན་པ་ཡོད་སྐོར་སོགས་གསུངས་སོང་།

འོས་མི་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་ཟུར་དགྲ་བཅོམ་པ་ལགས་ཀྱིས་དྲ་ལམ་བརྒྱུད་རང་ཉིད་སྤྱི་འཐུས་ཀྱི་འོས་མིར་བཞེངས་དགོས་པའི་སྐོར་ནས་གསུང་དོན། ཐའེ་སྡོད་བོད་རིགས་ཚོགས་པ་དང་ཐའེ་ཝན་ས་གནས་གཞོན་ནུ་ཚོགས་པའི་ཚོགས་མི་རྣམས་ཀྱིས་མང་གཙོ་དུས་དྲན་དང་སྟབས་བསྟུན་ཨེ་ཤ་ཡའི་སྤྱི་འཐུས་འོས་མིར་སྤྱི་མོས་ཀྱིས་བདམས་ཐོན་བྱུང་ཡིན་སྐོར་དང་། ཁོང་གིས་སྤྱི་འཐུས་ཐོབ་མིན་ལ་མ་ལྟོས་པར་སྤྱི་བའི་ལས་འགན་གང་ནུས་གང་ལྕོགས་ཀྱིས་ཞབས་ཕྱི་མུ་མཐུད་སྒྲུབ་འདུན་ཡོད་སྐོར། ལྷག་པར་ཐའེ་ཝན་ནང་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་དང་འབྲེལ་ལམ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དང་རྒྱ་རིགས་མང་ཚོགས་ལ་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དོན་ལ་འཁེལ་བ་འབད་རྒྱུ་ཡིན་སྐོར་གསུངས་སོང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།