དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༩།༡༡ཉིན་སྤེལ། ཉི་མ་དེ་རིང་ནས་བཟུང་ག་རེ་བྱེད་ཐུབ་ཀྱི་རེད་དམ་ཞེ་ན། མི་དང་སྲོག་ཆགས་སུ་ལ་ཡིན་ནའང་གནོད་པ་མ་བྱས། ཕན་ཐོགས་བྱེད་ཐུབ་རྒྱུའི་གོ་སྐབས་ཡོད་ན་ཕན་ཐོགས་བྱས་ཏེ་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་དགོས།

དེ་ཡང་ཕྱི་ལོ་༢༠༡༥ཟླ་༩ཚེས་༡༠ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་བཞིའི་རིང་ཨིན་ཌོ་ནེ་ཤི་ཡ་དང༌། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝེ་དི་ནམ་བཅས་ཨེ་ཤ་ཡའི་ཡུལ་གྲུབ་ཁག་གི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་སྟོང་ཕྲག ༥༠༠༠ བརྒལ་བ་རྣམས་ལ་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་འཇུག་པ་དང༌། སྒོམ་རིམ་བར་པ། དབུ་མ་རིན་ཆེན་ཕྲེང་བ། རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཀྱི་ཉིན་མཐའ་མའི་ཆོས་འབྲེལ་གྲུ་བསྟུན་བྱང་ཆུབ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་ཆེ་བ་སྩལ་ནས་ཁ་སང་ཕྱི་ཚེས་༡༠ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༠༠ཐོག་གསུང་ཆོས་གནང་ཟིན་གྲུབ་ཡོད་པ་དང་ཆབས་གཅིག་ཆོས་ཞུ་བ་དེ་དག་གིས་༧གོང་ས་མཆོག་དགུང་གྲངས་༨༠ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་། མཉམ་དུ་དྲན་རྟེན་སྐུ་པར་ཡང་སྐྱོན་གནང་ནས་དད་ལྡན་གཡོ་བ་མེད་པའི་ཆོས་ཞུ་བ་ཚོ་བློ་བདེ་བག་ཕེབས་ངང་རང་ཡུལ་དུ་ཕྱིར་ལོག་བྱེད་རྒྱུ་བྱུང་ཡོད་པ་རེད།

ཉིན་མཐའ་མའི་གསུང་ཆོས་སྐབས་༧གོང་ས་མཆོག་གིས་བོད་ལ་ནང་ཆོས་དར་ཚུལ་དང་། བོད་ཀྱི་ཆོས་ལུགས་དེ་བླ་མའི་ཆོས་ལུགས་མ་ཡིན་པ་དེ་དངོས་ཡོད་སྒྲུང་གི་བསླབ་བྱ་དང་འབྲེལ་ཏེ་ར་སྤྲོད་གསལ་པོ་གནང་ཡོད་པ་དང་། དེ་བཞིན་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་ཚོར་དོན་སྙིང་ལྡན་པའི་མི་ཚེ་བསྐྱལ་དགོས་པའི་སྐོར་ལ་བཀའ་སློབ་སྩལ་གནང་སོང་།

༡ བོད་ལ་ནང་ཆོས་དར་ཚུལ་སྐོར་ལ་གསུང་དོན། དུས་རབས་བདུན་པའི་སྐབས་ནང་ཆོས་བོད་ལ་དོ་སྣང་སླེབས་ལྷག་པར་དུ་དུས་རབས་བརྒྱད་པའི་ནང་མཁན་སློབ་ཆོས་གསུམ་བོད་ལ་འཛོམས་པའི་ཐོག གཙོ་བོ་མཁན་ཆེན་ཞི་བ་ཚོས་ཐུགས་བསྐྱེད་ནས་ནཱ་ལེན་དྲའི་ཆོས་བརྒྱུད་ནང་བཞིན་བོད་ལ་སངས་རྒྱས་པའི་ཆོས་དར་བ་རེད། བོད་ལ་བཀའ་འགྱུར་པོད་བརྒྱ་དང་བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་རེད། གཞན་ཡང་རྩེ་ཕོ་བྲང་ནང་ཤིང་ཏཱ་ལའི་ལོ་མའི་ཐོག་ལ་བྲིས་པའི་དཔེ་ཆ་མཐོང་རྒྱུ་འདུག དེ་ཡང་ཤོག་བུའི་དཀྱིལ་དུ་ཨི་ཁུང་ཕུག དེ་ལ་ཐག་པ་བརྒྱུས་ནས་ལོ་ཙཱ་བ་ཚོས་སྒལ་པར་ཁུར་ཏེ་ཁྱེར་ཡོང་བ་ཡིན་འདུག ས་སྐྱ་ལ་ཡང་དེ་འདྲ་བ་མི་ཉུང་བ་ཞིག་ཡོད་འདུག དེ་ཚོའི་གྲལ་མང་ཆེ་བ་རིག་གནས་གསར་བརྗེའི་སྐབས་ལ་མེ་བསྲེགས་བཏང་བ་རེད། སྟབས་ལེགས་པ་ཞིག་རྒྱ་གར་བའི་དགེ་སློང་ར་ཧུ་ལ། གཅིག་དགུ་ཞེ་གྲངས་ནང་བོད་བསམ་ཡས་གཙུག་ལག་ཁང་དུ་གནས་སྐོར་ལ་ཕྱིན་ནས་བསམ་ཡས་དགོན་པའི་དཀོན་གཉེར་དང་ཁ་མཐུན་བྱས་ནས་ཏཱ་ལའི་ལོ་མའི་ཐོག་བྲིས་གནང་བའི་དཔེ་ཆ་ཁག་ཁོང་ལ་རགས་ཡོད་འདུག རྐུ་མ་རྐུས་པ་འདྲ་བོ་རེད། སྐབས་དེར་དཀོན་གཉེར་ལ་གསོལ་རས་ཏོག་ཙམ་ཐོབ་མེད་དམ། དེ་དག་བྷན་ཀལ་སློབ་གྲ་ཆེན་མོའི་Bengal Universityནང་ཉར་ཚགས་བྱས་ཡོད་པ་རེད།  གང་ལྟར་རྐུ་མ་རྐུས་ཡང་་མ་རྐུས་ཡང་དཔེ་ཆ་དེ་དག་ལྷག་ཡོད་པ་དེ་བཀའ་དྲིན་ཆེན་པོ་རེད། བོད་མཁས་པ་ཚོས་མཛད་པའི་གཞུང་གི་འགྲེལ་པ་དེ་ཚོའི་ནང་རྒྱ་གར་མཁས་པའི་གཞུང་ལ་ཁུངས་གཏུགས་ནས་ཡོང་གི་ཡོད་རེད་ཅེས་བཀའ་སློབ་སྩལ་གནང་སོང་།

༢ བོད་ཀྱི་ཆོས་ལུགས་དེ་བླ་མའི་ཆོས་ལུགས་མ་ཡིན་པ་དེ་དངོས་ཡོད་སྒྲུང་གི་བསླབ་བྱ་དང་འབྲེལ་ཏེ་ར་སྤྲོད་གནང་དོན། བར་སྐབས་ཤིག་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་རེད་ཟེར་བ་ཞིག་བཤད་ཀྱི་ཡོད་རེད། དེ་རྩ་བའི་ཆ་ནས་ཡོངས་སུ་ནོར་བ་རེད། བོད་ཀྱི་ཆོས་དེ་ཞིབ་འཇུག་ཡག་པོ་བྱས་ན་རྒྱ་གར་མཁས་པ་ལ་ཁུངས་གཏུགས་པ་ཞིག་རེད་མ་གཏོགས་དེ་ལ་མ་ལྟོས་པའི་ཆོས་ཤིག་མེད་པ་རེད། དེར་བརྟེན་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་མཆིས་པའི་སྔ་འགྱུར་གསར་མ་དང་རྙིང་མ། བཀའ་བརྒྱུད། ས་སྐྱ། བཀའ་གདམས་དང་བཀའ་གདམས་གསར་མ། དགེ་ལུགས། ཇོ་ནང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དེ་དག་ཚང་མ་རྩ་བ་རྒྱ་གར་མཁས་པའི་གཞུང་ལ་ཁུངས་གཏུགས་ནས་ཡོང་བ་ཤ་སྟག་རེད། དཔེར་ན། རྙིང་མ་ལ་ཆ་བཞག་ན། རྩ་བ་དེ་མཁན་ཆེན་ཞི་བ་ཚོ་ལ་ཐུགས་ཡོད་རེད། སྔགས་གི་སྐོར་དེ་དག་སློ་དཔོན་རིན་པོ་ཆེ་ལ་ཐུག་ཡོད་རེད། སློབ་དཔོན་རིན་པོ་ཆེའི་དབུ་ལྷ་རྒྱ་གར་རིག་འཛིན་རྣམ་རྒྱལ་ཟེར་བ་དེའི་ནང་མགོན་པོ་ཀླུ་སྒྲུབ་ཡོད་རེད།བོད་ཀྱི་ཆོས་དེ་བླ་མའི་ཆོས་ཡིན་ཟེར་བ་དེ་ནོར་ཡོད་རེད།
མ་གཞི་བོད་པ་རང་གིས་ཏོག་ཙམ་ནོར་ཡོད་པ་རེད། བླ་མ་ཟེར་དུས་རྩ་ཆེན་པོ་ཞིག་བརྩིས་ངོ་རྟོགས་བླ་མ་དེ་མཁས་པའི་ཡོན་ཏན་དང་། གྲུབ་པའི་ཡོན་ཏན་གྱི་ཐོག་ནས་ཚད་ལོན་པ་ཞིག་མེད།  སྐབས་ཤིག་བོད་ལ་སྤྲུལ་སྐུ་ཟེར་བ་ཞིག་དར་ནས་ཕྲུ་གུ་ཆུང་ཆུང་ཞིག་གི་སྐབས་ནས་བླ་མ་རྩ་ཆེན་པོ་རེད་ཟེར་ནས་དེ་ལ་བསླབས་པའི་ཡོན་ཏན་དང་། བསྒོམས་པའི་ཉམས་རྟོགས་མེད་མཁན་ཆ་ལི་ཆོ་ལེ་བྱས་ནས་བསྡད་མཁན་ཡོང་གི་ཡོད་རེད། དེར་བརྟེན་བོད་ཀྱི་བླ་མ་གྲྭ་ཆས་གྱོན། སྐྱེ་དམན་བཙལ། ཆང་བཏུང་མཁན་དེ་ལ་ཡིད་ཆེས་དང་དད་པ་བྱེད་ཀྱི་ཡོད་དུས་བོད་ཀྱི་ཆོས་བླ་མའི་ཆོས་རེད་ཟེར་བའི་མིང་དེ་འདྲའི་ངང་ཐོགས་པ་རེད་དྲན་གྱི་འདུག  བོད་པའི་སྤྱི་ཚོགས་ནང་ཆོས་ཟེར་དུས་དད་པ་བྱེད་རྒྱུ་དང་། བླ་མ་སྤྲུལ་སྐུའི་མིང་ཡོད་པ་དེ་ཚོ་རྩ་ཆེན་པོ་ཆགས། ངོ་རྟོགས་དཔེ་ཆ་བལྟས་ནས་ཉམས་སུ་ལེན་པའི་མཁས་གྲུབ་གཉིས་ལྡན་དེ་ཚོའི་གྲལ་ལ་དད་པ་དང་ཡིད་ཆེས་མེད་བསྡད་པ་འདྲ་བོ་རེད། 

དཔེར་ན། (སྔ་མོ་རྫ་དཔལ་སྤྲུལ་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་གཉིས་ལྡན་རེད། ཁོང་དུས་རྒྱུན་གྲྭ་པ་དཀྱུས་མ་ཞིག་གི་ངང་བཞུགས་ཀྱི་ཡོད་པ་རེད། སྐབས་ཤིག་ཁོང་དུས་རྒྱུན་བཞུགས་ས་ནས་ས་གནས་གཞན་ཞིག་ཏུ་ཕེབས་པ་རེད། དེ་ཡང་ཁོང་རྒྱུན་གཏན་བཞུགས་ས་དེར་ཐུགས་སུན་ནས་ལྐོག་ཏུ་བྲོས་ཕེབས་དགོས་བྱུང་བ་རེད།  དེའི་ཕྱི་ཉིན་རང་གཉིད་ལ་རྒྱུན་དུ་དགོས་མཁོ་གང་ཡོད་པ་དེ་དག་བསྣམས་ནས་ཤར་སྐྱོད་བྱེད་སའི་གཞུང་ལམ་དེད་ནས་ཕེབས་སྐབས་ཁྱིམ་ཚང་ཞིག་གི་ནང་གནས་ཚང་དང་སྦྲགས་ཞག་སྡོད་བྱས་པ་རེད། གནས་ཚང་གཡར་མཁན་གྱི་ཨ་མ་དེས་འདི་ལ་བསྡད་ན་འགྲིག་གི་རེད། འོན་ཀྱང་ནང་ལས་ཏོག་ཙམ་ཏོག་ཙམ་བྱེད་དགོས་རེད་བཤད་ནས་ཁྱིམ་ལས་བྱེད་བཅུག་པ་རེད།  གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ནས་དམན་ལྟ་ཞིང༌། །གཞན་ལ་བསམ་པ་ཐག་པ་ཡི། །མཆོག་ཏུ་འཛིན་པ་གུས་པས་བསླབ་ཅེས་ཉམས་ཞིབ་གནང་གི་ཡོད་པར་བརྟེན་ལགས་སོ་ཞེས་ཁུག་མ་དེ་ནང་ལ་བཞག་ནས་ཨ་མའི་གཡོག་རྒྱུག་ནས་བཞུགས་པ་རེད།

ཉིན་ཞིག་དུས་རྒྱུན་བཞུགས་སའི་དགོན་པ་དེར་ཁོང་གི་སློབ་མ་ཁ་ཤས་རྫ་དཔལ་སྤྲུལ་མཇལ་བར་ཡོང་སྐབས་བླ་མ་ཁོང་བཞུགས་མེད་པ་རེད།  སྐབས་དེར་སློབ་མ་ཚོས་འོལ་ཚོད་བྱས་ཏེ་གཞུང་ལ་དེ་བརྒྱུད་ནས་བླ་མ་ཕེབས་པ་རེད་སྙམ་ཏེ་གྲོང་ཁྱིམ་དེ་ཡོད་སར་ཡོང་ཡོད་པ་རེད། རྫ་དཔལ་སྤྲུལ་གནས་ཚང་གཡར་ནས་བཞུགས་སའི་ཨ་མ་དེའི་ཁྱིམ་དུ་སློབ་མ་དེ་དག་འབྱོར་ནས་ཁོང་ཚོས་ཨ་མ་ལགས་ལ་སྐད་ཆ་དྲིས་ཏེ་ང་ཚོའི་བླ་མ་རྫ་དཔལ་སྤྲུལ་ཨ་མ་ལགས་ཁྱེད་རང་གིས་གཟིགས་ཡོད་དམ་ཞེས་སྐད་ཆ་དྲི་སྐབས། ཨ་མ་ན་རེ། བླ་མ་འདྲ་བོ་འདི་ལ་ཕེབས་མཁན་བྱུང་མ་སོང་། ཨ་ཇོ་ཞིག་སླེབས་སོང་ཞེས་བཤད། སློབ་མ་ན་རེ། བླ་མའི་ཞལ་རས་དང་ན་བཟའ་གང་འདྲ་ཞིག་ཡོད་མེད་འགྲེལ་བཤད་རྒྱབ་སྐབས། ཨ་མས་ངའི་ནང་གཡོག་སྐུར་ནས་བཞག་ཡོད་པའི་ཨ་ཇོ་དེ་ཕལ་ཆེར་ཡིན་པ་འདུག་སྙམ་ནས་ཨ་མ་ངོ་ཚ་ནས་བྲོས་ཕྱིན་པ་ཡིན་པ་རེད། གང་ཡིན་ཟེར་ན་སྐབས་དེར་རྫ་དཔལ་སྤྲུལ་ནང་ལས་བྱས་ནས་བཞུགས་པའི་སྐབས་དེར་ཨ་མའི་ཆབ་ཏོག་ནང་གི་གཅེན་པ་དེ་ཤོ་བར་བཏང་ཡོད་པའི་སྐབས་དང་འཁེལ་ནས་ཨ་མ་ངོ་ཚ་ནས་བྲོས་ཕྱིན་པ་རེད།)

༢ གཞན་ཡང་། (འཕན་པོའི་ནང་འབྲོམ་སྟོན་པ་ལ་ཞིག་རྒྱབ་ནས་ཕེབས་པའི་སྐབས་དེར་ལ་རྒྱབ་མཁན་གྱིོ་མཆོད་གནས་ཤིག་དང་མཉམ་དུ་ཁེལ་ཡོད་པ་རེད། མཆོད་གནས་དེས་འབྲོམ་སྟོན་པ་ཉམས་ཆུང་ཞིག་ལ་མཐོང་གི་ཡོད་པ་རེད། མཆོད་གནས་དེ་གྲྭ་ཆས་ཤིག་གྱོན་ནས་སྤོབས་ཉམས་ཏོག་ཙམ་མཐོ་པོ་ཡོད་པ་རེད། ཁོང་གཉིས་ལ་མོ་དེ་བརྒལ་ནས་འགྲོ་བའི་སྐབས་དེར། མཆོད་གནས་གོམ་པ་སྤོ་མི་བདེ་བའི་རྐྱེན་གྱིས་ལྷམ་དེ་མར་ཕུད་སྟེ་འབྲོམ་སྟོན་པར་ལྷམ་དེ་ཁྱེར་བཅུག་པ་རེད། དེ་ཡང་འབྲོམ་སྟོན་པས་ལྷམ་དེ་ཕྲག་སྟེང་ལ་བཞག་ནས་ཉམས་ཆུང་ངང་ཁུར་ནས་ཕེབས་ཕྱིན་པ་རེད།
དེ་རྗེས་ཕེབས་ཀྱིན་ཕེབས་ཀྱིན་འབྲོམ་སྟོན་པ་ཕེབས་སའི་དགོན་པ་དེར་འབྱོར་གྲབས་ཡོད་པའི་སྐབས་དེར་སེར་འཕྲེང་སྒྲིག་ནས་ཕེབས་སུ་ཞུ་མཁན་རྣམ་སྒུག་བཞུག་ཡོད་རེད། མཆོད་གནས་ཀྱིས་བསམས་པར་ང་འདིར་ཡོང་གི་ཡོད་པ་ནི་ཁོང་ཚོས་ཤེས་ཀྱི་ཡོད་མ་རེད། སེར་འཕྲེང་སྒྲིག་དགོས་པའི་རྒྱུ་མཚན་མེད་པ་རེད། ངའི་རོགས་པ་ནི་མི་སྐྱོ་བོ་ཞིག་ཐུག་ནས་མཉམ་དུ་ཡོང་ཡོད་བསམ་སྟེ་ཡ་མཚན་སྐྱེ་གནང་བ་རེད།  དེར་བརྟེན་ཁོ་རང་གིས་ལྷམ་སྤྲད་ཡོད་སའི་མི་སྐྱོ་བོ་དེར་འདི་ལ་སེར་འཕྲེང་རྒྱ་ཆེན་པོ་ཞིག་སྒྲིག་གི་འདུག་སུ་ཕེབས་ཀྱི་ཡོད་དམ་ཞེས་སྐད་ཆ་དྲི་སྐབས་འབྲོམ་སྟོན་པས་གུས་ཞབས་བྱས་ཏེ་ང་ལ་ཕེབས་སུ་ཡིན་པའི་སྐད་ཆ་རེད་ཅེས་གསུངས་ཡོད་པ་རེད། དེ་རྗེས་མཆོད་གནས་དེ་ངོ་ཚ་མ་ཐག་འབྲོམ་སྟོན་པར་བསྐུར་གནང་བའི་ལྷམ་དེ་བཞག་ནས་བྲོས་ཕྱིན་པ་རེད། དེར་བརྟེན་བོད་ཀྱི་ཆོས་དེ་བློ་མའི་ཆེས་རེད་ཟེར་བ་དེ་ནོར་ཡོད་པ་རེད། )

༤ དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་དགོས་པའི་སྐོར་ལ་བཀའ་སློབ་སྩལ་གནང་དོན། ད་རེས་ཀོ་རི་ཡ་དང་ཝི་ནི་ནམ་སོགས་ཁྱེད་རང་ཚོ་ཆོས་ཞུ་བ་རྣམས་ལ་དེ་སྔ་བཞིན་ཆོས་འབྲེལ་རེ་རེ་བཞིན་བྱེད་མི་དགོས་པར་དཀྱུས་གཅིག་ལ་བྱེད་རྒྱུར་ངོས་ནས་རེ་འདུན་བྱས་པ་རེད་ལ་ཁྱེད་རང་ཚོས་ཀྱང་དེར་མོས་མཐུན་བྱས་བྱུང་བར་དགའ་པོ་བྱུང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། གལ་ཆེ་ཤོས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་གསུངས་འདུག བདག་ཉིད་བདག་གི་མགོན་ཡིན། ཞེས་སོ་སོའི་མགོན་སྐྱབས་དེ་སོ་རང་ཉིད་རེད། སོ་སོའི་སེམས་དུལ། ནང་སེམས་བཟང་པོ་ཞིག་སྐྱེས། འདི་འདྲ་བྱས་པ་ཡིན་ན། སོ་སོ་བདེ་སྐྱིད་ལྡན་པའང་འདི་འདྲ་བྱས་ཏེ་ཡོང་བཞིན་ཡོད། རང་ཉིད་ཀྱི་སེམས་མ་དུལ་བར་བསྡད་དེ་ཁ་ནས་བླ་མ་ལ་སྐྱབས་སུ་མཆིའོ།སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། ཞེས་བརྗོད་པས་དེ་ཙམ་ཕན་པ་ཡོང་རྒྱུ་མེད། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདིར་གཞན་ལ་ཕན་པ་བསྒྲུབ། ཅེས་གཞན་ལ་གནོད་པ་མ་བྱེད། ཕན་པ་བསྒྲུབ་ཅེས་པ་དེ་ཆོས་ཀྱི་སྙིང་པོ་ཡིན། དེའི་རྒྱབ་རྟེན་ལ་ཆགས་སྡང་གི་ཉོན་མོངས་དེ་དག་གི་མཚང་བརྟོལ་རྒྱུར་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། དེ་ལམ་སེང་ཡོང་རྒྱུ་མེད། དཀའ་ངལ་ཕྲན་བུ་རྒྱག་དགོས་པ་ཡིན། ལམ་སེང་ཉི་མ་དེ་རིང་ནས་བཟུང་ག་རེ་བྱེད་ཐུབ་ཀྱི་རེད་དམ་ཞེ་ན། མི་དང་སྲོག་ཆགས་སུ་ལ་ཡིན་ནའང་གནོད་པ་མ་བྱས། ཕན་ཐོགས་བྱེད་ཐུབ་རྒྱུའི་གོ་སྐབས་ཡོད་ན་ཕན་ཐོགས་བྱས་ཏེ་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་དགོས། དེ་བཞིན་སོ་སོའི་ཆེད་ལས་གང་ཡིན་ཡང་གཞན་ལ་ཕན་ཐོགས་བྱེད་རྒྱུའི་ཆེད་དུ་གཙོ་བོ་བྱེད་དགོས། གཞན་ལ་ཕན་པ་བྱས་ན་རང་དོན་ཞོར་ལ་བསྒྲུབ་ཡོང་གི་རེད་ཅེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།