སྐད་འཕྲིན་ཚོགས་པར་དབུ་མའི་ལམ་ལ་ཁས་ལེན་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༨།༢༦ཉིན་སྤེལ། རྒྱ་ནག་གི་མཐོ་རིམ་དཔོན་རིགས་འདུ་འཛོམས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཚོགས་ཡོད་འདུག ཟླ་འདིའི་ཚེས་ ༢༤ ནས་ཉིན་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། རྒྱ་ནག་གི་མཐོ་རིམ་དཔོན་རིགས་འདུ་འཛོམས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཞི་ཅིན་ཕིན་གྱིས་༧གོང་ས་མཆོག་གིས་སྣེ་ཁྲིད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མུ་མཐུད་ཁ་གཏད་གཅོག་དགོས་པ་དང་། བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འཚམ་པ་བྱས་ཏེ། རྒྱ་གཞུང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་སྐོར་བརྗོད་ཡོད་པ་མ་ཟད། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་དྲ་བའི་ཐོག་དབུ་མའི་ལམ་ལ་ངོས་ལེན་མེད་པའི་དཔྱད་རྩོམ་སྤེལ་འདུག

ཚོགས་ཐོག་ཏུ་ཞི་ཅིན་ཕིན་གྱིས་མ་འོངས་བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གཏམ་བཤད་བྱས་དོན། བོད་ཀྱི་ལས་དོན་དེ་རྒྱ་ནག་གཞུང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ། རྒྱ་ནག་གཞུང་གིས་སྔར་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་ངོ་ ༦༠ ལྷག་གི་ལག་ལེན་གྱི་བརྒྱུད་རིམ་ནང་ང་ཚོར་ཏང་གི་བོད་སྐྱོང་ཐབས་ཇུས་ཆགས་པ་དེ་ནི་ངེས་པར་དུ་རྒྱ་ནག་གཞུང་གི་མགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་ཕྱོགས་ཀྱི་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ཡང་དག་པའི་ངང་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། རྒྱ་ནག་གི་མི་རིགས་དང་རིག་གནས། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཟམ་མི་ཆད་པར་ཇེ་ཟབ་ཏུ་གཏོང་དགོས་པ། ངེས་པར་དུ་རྒྱ་ནག་གཞུང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་པོ་སྤྱི་འདོམས་བྱེད་པའི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་དུ་རྒྱ་ནག་གཞུང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། ཞེས་དང་།

ཡང་ཁོ་བོས་བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འཚམ་པ་བྱེད་དགོས་སྐོར་བརྗོད་དོན། བོད་བརྒྱུད་ནང་བསྟན་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་བླང་བྱར་གཞིགས་ཏེ་འདུལ་ཁྲིམས་དང་བསྟན་དོན་ལ་དགོངས་འགྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་ངང་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་སོགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་གཅིག་འགྲིལ་བྱེད་དགོས། ཁྲིམས་ལྟར་བོད་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་མེས་རྒྱལ་ཁ་བྲལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ཞེས་སོགས་བརྗོད་འདུག

མདང་དགོང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྐད་འཕྲིན་དྲ་ཚིགས་ཐོག་སྨྱུག་མིང་ལ་སྐལ་བཟང་ཟེར་བ་ཞིག་གིས། ༼རྒྱ་ནག་གཞུང་གིས་ནམ་ཡང་ཏཱ་ལའི་བླ་མས་བཏོན་གནང་མཛད་པའི་དབུ་མའི་ལམ་ལ་ཁས་ལེན་བྱ་མི་སྲིད༽ཅེས་པ་ཞིག་བཀོད་དེ། སྔོན་ཆད་རྒྱ་ནག་དབུས་གཞུང་གིས་དབུ་མའི་ལམ་བརྒྱུད་བོད་དོན་དཀའ་རྙོག་སེལ་རྒྱུར་ཁས་ལེན་བྱས་མེད་པ་མ་ཟད། ད་ལྟ་དང་མ་འོངས་པའང་བྱ་མི་སྲིད། ང་ཚོར་ཏཱ་ལའི་བླ་མས་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་དགོས་པའི་དགོས་འདུན་འདོན་དགོས་དོན་ནི། བོད་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་ལས་བྲལ་ནས་རྒྱལ་ཁབ་གཅིག་ནང་རྒྱལ་ཁབ་གཞན་ཞིག་འཛུགས་ཆེད་ཡིན་སྟབས། ང་ཚོས་དབུ་མའི་ལམ་བརྒྱུད་བོད་དོན་དཀའ་རྙོག་སེལ་རྒྱུར་ཁས་ལེན་བྱ་མི་སྲིད། ཅེས་སོགས་བརྗོད་འདུག

དེ་རིང་རོའུ་ཌར་གསར་ལམ་གྱིས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྐད་ཆ་ཞིག་ལུང་འདྲེན་བྱས་པའི་ནང་། ཏཱ་ལའི་བླ་མ་དང་ཡུལ་གྱར་སྲིད་གཞུང་གིས་བཏོན་པའི་དབུ་མའི་ལམ་ནི། རྒྱ་ནག་གི་བཞི་ཆ་གཅིག་དུམ་བུར་བཏང་སྟེ། ལོ་རྒྱུས་ཐོག་རྒྱ་ནག་གི་ཞིང་ཆེན་ཁག་ནང་ཚུད་པའི་བོད་ཁུལ་ཁག་ཚུར་ལེན་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཐབས་ཇུས་ཤིག་ཀྱང་ཡིན་སྟབས། ང་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མིན། ཞེས་བརྗོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།