ཉི་ཧོང་གི་མཆོད་འབུལ་སྨོན་ལམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༨།༠༦ཉིན་སྤེལ། ཉི་ཧོང་གི་ས་ཆ་ཧི་རའོ་ཤི་མའི་Hiroshimaདྲན་གསོའི་གླིང་ཁའི་ནང་རྡུལ་ཕྲན་མཚོན་ཆ་གཡུགས་ནས་ལོ་ངོ་༧༠འཁོར་བའི་དྲན་གསོའི་ཆེད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་འདུག

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཚེས་༦ཉིན་གྱི་ཞོགས་པ་ཉི་ཧོང་གི་ས་ཆ་ཧི་རའོ་ཤི་མའི་Hiroshimaདྲན་གསོའི་གླིང་ཁའི་ནང་རྡུལ་ཕྲན་མཚོན་ཆ་གཡུགས་ནས་ལོ་ངོ་༧༠འཁོར་བའི་དྲན་གསོའི་ཆེད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་འདུག མཆོད་འབུལ་སྨོན་ལམ་སྐབས་ཕེབས་མཁན་གྱི་སྐུ་མགྲོན་གཙོ་བོ་ཉི་ཧོང་གི་སྲིད་འཛིན་ཤིན་ཛོ་ཨ་བྷིན་Shinz OAbeམཆོག་དང་། ཉི་ཧོང་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱི་ལྕམ་ཁ་རའོ་ལན་ཁན་ཀྲི་Caroline Kennedyདེ་བཞིན་ས་གནས་མི་མང་སྟོང་ཚོ་བཞི་བཅུ་ལྷག་འདུ་འཛོམས་གནང་ཡོད་འདུག
 
དེ་ཡང་༡༩༤༥ཟླ་༨པའི་ཚེས་༦ཉིན་གྱི་ཞོགས་པ་ཆུ་ཚོད་༨།༡༥ཐོག་རྡུལ་ཕྲན་མཚོན་ཆ་གཡུགས་པར་བརྟེན། དེ་རིང་ཟླ་༨པའི་ཚེས་༦ཉིན་གྱི་ཞོགས་པ་ཆུ་ཚོད་༨།༡༥ཐོག་མཆོད་འབུལ་སྨོན་ལམ་ཞུ་མི་ཚོས་སྐར་ཆ་གཅིག་རིང་མྱ་ངན་གུད་འདུས་ཞུས་ཡོད་པ་མ་ཟད། མ་འོངས་པར་འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ལྒང་བཞུ་སྟོང་ཚོ་མང་པོ་མཚོ་ནང་དུ་བཏང་འདུག

ཉི་ཧོང་གི་སྲིད་འཛིན་ཤིན་ཛོ་ཨ་བྷི་Shinzo Abeམཆོག་གིས་གསུང་དོན། འཛམ་གླིང་ཞི་བདེ་ཡོང་བ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། འདས་པའི་ལོ་ངོ་བདུན་བཅུའི་ནང་ཐོར་བཤིགས་ཕྱིན་པའི་ཧི་རའོ་ཤི་མའི་Hiroshimaདེ་ད་ཆ་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ལ་འགྱུར་ཐུབ་པ་བྱུང་ཡོད་སྐོར། དེ་བཞིན་ཉི་ཧོང་ནི་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་ཕོག་མཁན་གྱི་ས་ཆ་ཐོག་མ་དང་མཐའ་མ་དེ་ཡིན་པར་བརྟེན། སླད་ཕྱིན་རྡུལ་ཕྲིན་མཚོན་ཆའི་རིགས་འཛམ་གླིང་ནས་རྩ་མེད་བཟོ་དགོས་ཀྱི་ཡོད་པ་མ་ཟད། མཚོན་ཆ་དེ་ནི་ཉེན་ཁའི་རང་བཞིན་ཞིག་ཡིན་པའི་སྐོར་ལ་གསུང་བཤད་གནང་འདུག

སྤྱིར་འཛམ་གླིང་ཐོག་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་ས་ཐོག་མ་དེ་ཉི་ཧོང་ས་ཆ་ཧི་རའོ་ཤི་མ་Hiroshima་རུ་ཡིན་པར་བརྟེན། ༡༩༤༥ཟླ་༨ཚེས་༦ཉིན་གྱི་ཞོགས་པ་ཆུ་ཚོད་༨།༡༥ཐོག་རྡུལ་ཕྲན་མཚོན་ཆ་གཡུགས་ནས་མི་མང་སྟོང་ཚོ་བདུན་བཅུ་༧༠།༠༠༠རྩ་མེད་བཏང་ཡོད་པ་དང་༡༩༤༥རྗེས་ལ་ཡང་མཚོན་ཆ་དེའི་ཤུགས་རྐྱེན་གྱིས་མི་མང་པོ་རིམ་བཞིན་འདས་གྲོངས་སུ་ཕྱིན་ཡོད་འདུག ༡༩༤༥ཟླ་༨ཚེས༩ཉིན་ཉི་ཧོང་གི་ས་ཆ་ནཱ་གྷ་ས་ཁི་Nagasakiརུ་རྡུལ་ཕྲན་མཚོན་ཆ་ཐེངས་གཉིས་པ་དེ་གཡུགས་ནས་མི་མང་སྟོང་མཚོ་༤༠།༠༠༠ལྷག་རྩ་མེད་བཏང་ཡོད་འདུག ༡༩༤༥ཟླ་༨པའི་ཚེས་༡༤དང་༡༥ཉིན་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ཡོད་པ་རེད་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།