ཐའེ་ཝན་དུ་མི༡༠༨ལྷག་མཚོ་རླུང་དྲག་ཆར་གྱི་གནོད་འཚེ་ཁྲོད་གྲོངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༨པའི་ཚེས་༡༣ཉིན་སྤེལ། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ནང་ཡོད་པའི་འདི་ག་གསར་ཁང་གི་གསར་འགོད་པས་གནས་ཚུལ་མཁོ་སྤྲོད་གནང་དོན། ཟླ་འདིའི་ཚེས་༧ཉིན། ཐའེ་ཝན་དུ་ཐའེ་ཕུན་ཞེས་པའི་ཚ་ཁུལ་གྱི་མཚོ་རླུང་དྲག་ཆར་གྱི་རང་བྱུང་གནོད་འཚེ་ཐེབས་ཏེ་མི་གྲངས་༡༠༨ལྷག་རྐྱེན་ལམ་དུ་བརྫངས་ཡོད་ཁར། མི་གྲངས་༤༥ལ་རྨས་སྐྱོན་དང༌། མི་གྲངས་༦༢གར་སོང་ཆ་མེད་ཀྱི་གནས་སུ་བསྐྱལ་ཡོད་འདུག་ཅིང༌། དེ་རྗེས་ཕྱི་ཚེས་༩ཉིན་དྲག་པོའི་ཆར་རླུང་དེ་རྒྱ་ནག་གི་ལྷོ་ཤར་ཁུལ་དུ་འཁོར་བསྐྱོད་བྱས་ཏེ་ཡུལ་དེ་གའི་ནང་འཚོ་སྡོད་བྱས་ཡོད་པའི་མི་ཕྱུགས་དང༌། གཞན་ཁང་ཁྱིམ་སོགས་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་འདུག

དེ་ཡང་ཉེ་བའི་དུས་རབས་ཕྱེད་ཀའི་ནང་བྱུང་མ་མྱོང་བའི་མཚོ་རླུང་དྲག་ཆར་གྱི་གཏོར་སྐྱོན་འདིའི་ཁྲོད། ཐའེ་ཝན་དང་རྒྱ་ནག དེ་བཞིན་ཉི་ཧོང་བཅས་ཀྱི་མི་ཕྱུགས་རྒྱུ་དངོས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་འདུག་ཁར། ཐའེ་ཝན་ལྷོ་ཕྱོགས་ཀྱི་ཞའོ་ལུན་རི་གྲོང་ཁུལ་དུ་ཡུལ་མི༣༢ལྷག་འདམ་རྫབ་ཆེ་བའི་ས་ཉིལ་འོག་གསོན་སྦས་བྱས་ཡོད་འདུག ཐའེ་ཝན་གྱི་གཞུང་འབྲེལ་གསར་ལམ་ཁག་ཏུ། ཟླ་འདིའི་ཚེས་༡༢ཉིན། ཐའེ་ཝན་གྱི་ཉེན་སྐྱོབ་དམག་མིས་ཐའེ་མཚོ་རླུང་དྲག་ཆར་གྱི་གནོད་འཚེ་ཆེས་ཡ་ང་བ་ཐེབས་ཡུལ་ཞའོ་ལུན་གྲོང་བརྡལ་ནང་རྡབ་ཆལ་དུ་སོང་བའི་ཁང་བརྩེགས་དང༌། རི་ཉིལ་སོགས་སྔོག་བཤེར་བྱས་ཏེ་ཡུལ་མི༡༠༠༠ལྷག་ཉེན་སྐྱོབ་བྱེད་ཐུབ་ཡོད་འདུག་ཅིང༌། དེ་ལས་༣༠༠༠ལྷག་ནི་མཁའ་སྐྱོད་གནམ་གྲུ་བརྒྱུད་བདེ་འཇགས་ས་ཁུལ་དུ་སྤོ་ནུར་བྱས་པ་ཞིག་རེད། ཅེས་གནས་ཚུལ་སྤེལ་ཡོད་འདུག

གཞན་ཡང་་ཐའེ་ཝན་གཞུང་གི་ཐད་འཕུར་གནམ་གྲུ་ཞིག་ཞའོ་ལུན་གྲོང་བརྡལ་དུ་འཕུར་བསྐྱོད་བྱས་ཏེ་ཡུལ་མི་ཉེན་སྐྱོབ་བྱེད་དུས། སྟབས་མ་ལེགས་པར་ཆར་རླུང་དྲག་པོའི་ཁྲོད་རྡབ་སྐྱོན་ཤོར་ཏེ་གནམ་གྲུ་ནང་གི་ལས་བཟོ་བ་གསུམ་ཡོངས་རྐྱེན་ལམ་དུ་ཕྱིན་ཡོད་འདུག

ཞའོ་ལུན་གྲོང་བརྡལ་ནས་ཉེན་སྐྱོབ་བྱས་པའི་རང་ལོ༣༦ཅན་གྱི་གྲོང་མི་ལོ་ཞོན་ཆིའུ་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་དོན། ཞའོ་ལུན་གྲོང་བརྡལ་དུ་མཚོ་རླུང་དྲག་ཆར་གྱི་རང་བྱུང་གནོད་འཚེ་ཐེབས་དུས། གྲོང་ཚོའི་ནང་ཡུལ་མི༥༠༠ནས་༦༠༠ལྷག་ཡོད་མོད། ད་ལྟ་རང་ཉིད་ཀྱི་གྲོང་ཚོ་གཅིག་པ་ག་ཚོད་ཅིག་ཤི་གསོན་བྱུང་མེད་ཐད་ཤེས་རྟོགས་གང་ཡང་མེད། ཅེས་བརྗོད་ཡོད་འདུག

ཐའེ་ཝན་གྱི་མེའི་ཉེན་འགོག་ལྷན་ཁང་གིས། ཞའོ་ལུན་རི་གྲོང་དུ་ཡུལ་མི༡༠༠ལྷག་འདམ་རྫབ་འོག་གནོན་སྦས་བྱས་ཡོད་འདུག ཅེས་གསལ་བསྒྲགས་གནང་ཡོད་མོད། གནས་ཚུལ་དེ་ཁུངས་སྐྱེལ་བྱེད་ཀྱི་བདེན་དཔང་གང་ཡང་མཁོ་འདོན་བྱས་ཡོད་མི་འདུག

མའོ་ར་ཁོ་ཌིའམ་ཐའེ་ཕུན་ཞེས་པའི་ཚ་ཁུལ་གྱི་མཚོ་རླུང་དྲག་ཆར་གྱི་རང་བྱུང་གནོད་འཚེ་དེས་ཐོག་མར་ཕི་ལིབ་པིན་སི་ལ་འཚེས་ཏེ་མི་༢༢རྐྱེན་ལམ་དུ་བརྫངས་ཡོད་ཅིང༌། དེ་རྗེས་ཐའེ་ཝན་དང་རྒྱ་ནག་གི་ཤར་ཕྱོགས་ཁུལ་དུ་ཕྱིན་ཡོད་འདུག ཞིབ་འཇུག་བྱས་པ་ལྟར་ན་གནའ་ནས་ད་ལྟའི་བར་ མཚོ་རླུང་དྲག་ཆར་གྱི་རང་བྱུང་གནོད་པས་མི་ས་ཡ༡.༥ལྷག་གི་ཚེ་སྲོག་འཕྲོག་ཡོད་པ་མ་ཟད། ཁང་ཁྱིམ༡༠༠༠༠ལྷག་གཏོར་བཤིག་བཏང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
།ཐའེ་ཝན་མི་མང་གིས་བོད་དོན་ལ་རྒྱབ་སྱོར་ཅི་ཙམ་བྱེད་བཞིན་ཡོད་པ་ཧ་ཅང་གསལ་བོ་རེད། དེའི་ཕྱིར་གཞུང་སྒེར་གཉིས་ཀ་ནས་གདུང་སེམས་མཉམ་བསྐྱེད་
བྱེད་རྒྱུ་ཧ་ཅང་གལ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།