རྒྱ་ནག་གིས་གསར་འགོད་རང་དབང་གི་ཐོག་དམ་དྲག་ཇེ་ཆེར་བཏང་བ།

19december200811 ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༡༩ཉིན་སྤེལ། རྒྱ་ནག་གཞུང་གིས་གཟའ་འཁོར་འདིའི་ནང་ཨ་མི་རི་ཀའི་ཉིན་རེའི་གསར་ཤོག་གྲགས་ཅན་ནེའུ་ཡོག་དུས་བབ་ཀྱི་དྲ་རྒྱ་སོགས་བརྒྱུད་ལམ་ཁག་མང་པོ་ཞིག་བཀག་སྟེ་བལྟ་མ་ཐུབ་པ་བཟོས་ཡོད་པར་བརྟེན་རྒྱ་ནག་གིས་གསར་འགྱུར་བརྒྱུད་ལམ་ཐོག་དམ་དྲག་དང་བཀག་འགོག་ཤུགས་ཆེ་བྱེད་བཞིན་པར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཆེན་པོ་བྱུང་བཞིན་ཡོད་པ་རེད།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧའེ་དེ་བཞིན་ཀོང་ཀྲུའུ་སོགས་གྲོང་ཁྱེར་ཆེ་ཁག་ནང་གི་གློག་ཀླད་དུ་བེད་སྤྱོད་བྱེད་མཁན་གྱི་མི་ཚོས་ནེའུ་ཡོག་དུས་བབ་ཀྱི་དྲ་རྒྱ་སྒོ་ཕྱེ་ཐབས་བྱས་སྐབས་དྲ་རྒྱ་དེ་འདྲ་བ་མེད་ལུགས་ཀྱི་ལན་ཞིག་ཀམ་པུ་ཊར་ཐོག་གསལ་གྱི་ཡོད་པ་ནིའུ་ཡོག་དུས་བབ་ཀྱི་གསར་འགྱུར་ལས་ཁང་གིས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་ཡོད་པ་རེད།

རོའུ་ཊར་སི་གསར་ལས་ཁང་གིས་རྒྱ་ནག་གི་དྲིལ་བསྒྲགས་ལས་ཁུངས་ལ་འདིའི་སྐོར་འདྲི་བརྩད་བྱས་ཀྱང་ལན་འདེབས་གང་ཡང་བྱས་མེད་པ་དང་ཡིན་ཡང་གཟའ་འཁོར་འདིའི་ནང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་ནང་ཨོ་ལིམ་ཕིག་མ་འཚུགས་སྔོན་དང་རྩེད་འགྲན་དངོས་སུ་འཚུགས་པའི་སྐབས་དྲ་གནས་ཐོག་ཏུ་དམ་དྲག་ལྷུགས་གཏོང་བྱས་ཡོད་པ་གསལ་བཤད་བྱས་པ་དང་ཆབས་གཅིག་རྒྱ་ནག་གཞུང་ལ་རྒྱ་ནག་གི་ཁྲིམས་དང་འགལ་བའི་ནང་དོན་འཁོད་པའི་དྲ་རྒྱའི་རིགས་བཀག་འགོག་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་ཡང་ནན་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་རྣམ་ཀུན་ནས་བོད་ཀྱི་གནས་ཚུལ་དང་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་འཁོད་པའི་ནང་དོན་རིགས་ཀྱི་དྲ་རྒྱ་སྒོ་བརྒྱབ་པའམ་བཀག་འགོག་བྱེད་ཀྱི་ཡོད་ཅིང་ཟླ་བ་འདིའི་འགོ་སྟོད་དུ་དབྱིན་ཇིའི་བྷི་བྷི་སི་དང་ཨ་མི་རི་ཀའི་རྒྱང་སྲིང་རླུང་འཕྲིན་ཁང་དེ་བཞིན་ཧོང་ཀོང་གི་མིང་པའོ་དང་ཨེ་ཤི་ཡའི་དུས་དེབ་སོགས་ཀྱི་དྲ་རྒྱ་བཀག་འགོག་བྱས་ཡོད་པ་ཨེ་ཤི་ཡའི་དུས་དེབ་གསར་ལས་ཁང་གིས་བརྗོད་འདུག

དེ་བཞིན་འདི་སྔོན་སྐད་གསུམ་ལྡན་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བ་ད་དུང་ཡང་སྒོ་བརྒྱབ་ཡོད་པ་མ་ཟད། ཕ་ཡུལ་དྲ་བ། རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་རྒྱ་ཡིག་དྲ་བ། རྒྱ་རིགས་ཀྱི་བྷུ་ཤུན་དྲ་བ། ཨ་རི་རླུང་འཕྲིན། ནོ་ཝེ་བོད་ཀྱི་རླུང་འཕྲིན། ཨེ་ཤི་ཡ་རང་དབང་རླུང་འཕྲིན། བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ཟིན་བྲིས་དྲ་བ་སོགས་བོད་དོན་དང་འབྲེལ་བའི་བརྒྱུད་ལམ་ཁག་ཕལ་ཆེ་བ་བཀག་འགོག་བྱས་དང་བྱེད་བཞིན་ཡོད་པ་རེད།

གན་ཡང་རྒྱ་ནག་ནི་འཛམ་གླིང་ནང་གི་དྲ་གནས་བེད་སྤྱོད་བྱེད་མཁན་མང་ཤོས་ཡོད་མཁན་གྱི་རྒྱལ་ཁབ་དེ་ཡིན་པ་དང་དེ་བརྒྱུད་རྒྱ་ནག་མི་མང་གིས་གནས་ཚུལ་མང་དག་ཅིག་ཤེས་རྟོག་ཐུབ་པ་ཡོང་གི་ཡོད་ན་ཡང་རྒྱ་ནག་གཞུང་ཕྱོགས་ནས་དྲ་གནས་ཐོག་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་པ་དང་བོད་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཚན་འཁོད་པའི་གསར་འགྱུར་དང་དཔྱད་གཏམ། ཟིན་བྲིས་སོགས་འཁོད་པའི་གནས་ཚུལ་ཐོག་བཀག་འགོག་ནན་པོ་བྱེད་བཞིན་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༢༢༠༠༩༡༩༢༨
ལི་ལྗོངས་ཀྱི་གངས་ཕྲུག
དམ་དྲག་ཇེ་ཆེར་སོང་ན་ཉིན་ཞིག་ཧ་ཧ་Ff²C©u



བརྗོད་གཞི་གཞན་ཁག་ལ་གཟིགས།