དགོངས་ཚུལ།

ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་སླེབས་ཐུབ་རྒྱུའི་རེ་བ་རྒྱག་བཞིན་ཡོད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། དེ་རིང་ཞོགས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་བོད་ནང་དུ་ས་ཡོམ་གྱི་གོད་ཆགས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། སྐབས་དེར་གང་ཉིད་ཀྱིས་སྐབས་དེར་གང་ཉིད་ཀྱིས་ཉིན་གསུམ་ཙམ་གྱི་སྔོན་ལ་ཁམས་སྐྱེ་དགུ་མདོ་རུ་ས་འགུལ་གྱི་གནས་ཚུལ་དེ་ཐོས་མ་ཐག་ཏུ་བོད་པ་ཁ་ཤས་ཤིག་ཐུག་དགོས་ཀྱི་ཡོད། ཁོང་ཚོ་ལ་ལབ་རྒྱུ་བྱུང༌། ཧ་ལས་པའི་བློ་ཕམ་བྱུང༌། འོན་ཀྱང་སྨོན་ལམ་རྒྱག་རྒྱུ་མ་གཏོགས་ཡོད་པ་མ་རེད། དོ་དག་སོ་སོའི་ངོས་ན་ཡིན་ནའང་ལས་འབྲས་རེད། དེ་བཞིན་ང་ཚོའི་ཆོས་ཉམས་ལེན་བྱེད་མཁན་ངོས་ནས་རྐྱེན་ངན་བྱམས་ཆུབ་ལམ་དུ་བསྒྱུར་ཟེར་བ་དེ་འདྲའི་ཉམས་ལེན་བྱ་རྒྱུ་ཡོད་པ་རེད། དེ་འདྲའི་བསམ་བློ་གཏོང་བ་ཡིན་ན་ཡག་པོ་རེད་ཞེས་ལབ་རྒྱུ་བྱུང༌། དེ་ནས་ཉིན་ཤས་ཕྱིན་པའི་རྗེས་ལ་མི་འདས་གྲོངས་སུ་ཕྱིན་པའི་གྲངས་ཀ་དེ་ཡང་འཕར་གྱི་འདུག  རྐྱེན་ཆགས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་དེར་ཕྱོགས་གཅིག་ནས་སྨོན་ལམ་རྒྱག་ཡ་ཅིག་དང༌། ཁ་སེང་ཛ་དྲག་གི་གནས་ཚུལ་བྱུང་མ་ཐག་ཏུ་ཉེ་འཁོར་དུ་ཡོད་པའི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོ་དང༌། དེ་བཞིན་སློབ་ཕྲུག་སོགས་གཡས་གཡོན་གྱི་ས་ཁུལ་ཁག་གི་བོད་རིགས་ནང་ཁུལ་ནས་ས་འོག་ཏུ་ཕྱིན་པའི་མི་རྣམས་འདོན་ཡ་དང༌། རྨས་སྐྱོན་ཕྱིན་པ་དེ་ཚོར་སེམས་གསོ་དང་རོགས་རམ་བྱེད་ཡ་སོགས་ཧུར་ཐག་བྱེད་འདུག་པས་ཧ་ཅང་དགའ་པོ་བྱུང༌། ད་དུང་ཡང་མུ་མཐུད་ནས་ཧུར་ཐག་བྱེད་རོགས་ཅེས་དང༌།

ཡང་གང་ཉིད་ཀྱིས་ས་ཡོམ་གྱི་གནས་ཚུལ་བྱུང་མ་ཐག རྒྱ་ནག་གཞུང་གིས་མཐོ་རིམ་མི་སྣ་དེ་འདྲ་བཏང་ཡོད་པ་དང༌། ལྷག་པར་དུ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ཁོ་རང་དངོས་སུ་གནས་ཚུལ་འབྱུང་ཡུལ་དེར་ཕེབས་ནས་གནས་ཚུལ་དེ་ཚོར་རྟོགས་ཞིབ་བྱས་འདུག་པས། ཧ་ཅང་དགའ་པོ་བྱུང༌། དེར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

རྒྱལ་སྤྱིའི་རོགས་རམ་བྱེད་མཁན་ཚོར་གནས་ཚུལ་ཅིག་ཞུ་འདོད་འདུག རོགས་རམ་ཤུགས་ཆེན་པོ་འདུག རོགས་རམ་དེ་ཚོ་ཡང་ས་གནས་ས་ཐོག་ཏུ་ང་ཚོ་བོད་པའི་ཁ་རྒྱུན་བཞིན་ནད་ཐོག་སྨན་བཅོས་བྱེད་ཡ་དེ་གལ་ཆེན་པོ་རེད་འདུག སྐབས་རེ་རོགས་རམ་དེ་ཡང་ས་གནས་ས་ཐོག་ཏུ་ཏག་ཏག་མ་འཕྲོད་པ་དེ་འདྲ་ཡང་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་རོགས་རམ་བྱེད་མཁན་དེ་ཚོ་དངོས་སུ་ས་གནས་ས་ཐོག་ཏུ་ཕྱིན་ནས་གཟིགས་ཞིབ་གནང་རོགས་ཞུ་རྒྱུ་ཡིན།

སྤྱིར་རོགས་རམ་བྱེད་སར་མང་པོ་ཞིག་ཡོད་པ་རེད་དེ། གལ་ཆེ་ཤོས་ཀྱི་ཛ་དྲག་དེ་སློབ་ཕྲུག་གི་སློབ་སྦྱོང་བྱེད་ས་སློབ་གྲྭ་དེ་ཚོ་རེད། གལ་སྲིད་སློབ་ཕྲུག་ཚོའི་སློབ་སྦྱོང་ཟླ་བ་གཅིག་འཐུས་ཤོར་ཕྱིན་པ་ཡིན་ནའང་མི་ཚེ་འཐུས་ཤོར་དུ་འགྲོ་བཞིན་ཡོད་པ་རེད། རིམ་པ་དང་པོ་དེ་འཕྲལ་སེལ་གྱི་ཚུན་པའི་འཛིན་ཁང་རྒྱག་ཡ་སོགས་སློབ་སྦྱོང་གི་ཐོག་ཏུ་འཐུས་ཤོར་མི་འགྲོ་བ་བྱེད་དགོས་པ་རེད། གཞན་ཡང་འཕྲོད་བརྟེན་སོགས་སྨན་བཅོས་དེ་ཚོ་ཡང་ཧ་ཅང་གི་གལ་ཆེན་པོ་རེད།

ང་ཚོ་བཙན་བྱོལ་བ་ངོས་ནས་ཡིན་ནའང་གནས་ཚུལ་དེ་ཚོ་གོ་དུས་མཆོད་འབུལ་དང་སྨོན་ལམ་རྒྱག་པ་དང་ཆབས་ཅིག དངོས་པོའི་ཐོག་ནས་ཕྲ་ལ་ཕྲན་བུ་ཕན་ཐོག་བྱེད་ཐུབ་ཡ་དེ་ཚོའང་སེམས་ཤུགས་བསྐྱེད་ནས་བསྡད་འདུག་པས་ཧ་ཅང་ཡག་པོ་རེད། ཞལ་འདེབས་སྤྲོད་ས་དང་གཏོང་ས་གང་འདྲ་བྱེད་དགོས་མེད་དེ་ཕལ་ཆེར་བརྙེད་ཀྱི་རེད། ང་རང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཆེ་ས་ཆུང་ས་བྱེད་ནས་རོགས་རམ་བྱེད་ཐུབ་ན་ཡག་པོ་རེད།

དེ་སྔོན་སི་ཁྲོན་དུ་ས་ཡོམ་བྱུང་སྐབས་བློ་གཟུར་པོའི་ཐོག་ནས་ས་གནས་ས་ཐོག་ཏུ་སླེབས་ཐུབ་པ་བྱུང་ན་བསམ་པ་ཞིག་བྱུང༌། གཞན་དག་ང་ཚོས་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད་དེ། འོན་ཀྱང་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་དང༌། ཤུལ་ལུས་མང་པོ་ཞིག་ལའང་རྨས་སྐྱོན་ཕོག་ཡོད་དུས་སེམས་དངངས་སྐྲག་ཆེན་པོ་བསྐྱེས་ནས། ད་ནི་མི་ཚེ་ལ་གང་ཡང་བྱུང་མ་སོང་བསམས་པའི་དེ་འདྲའི་འུ་ཐུག་རེ་ཐག་ཆད་ནས་བསྡད་ཡོད་པའི་སྐབས་སུ། དེ་ཚོར་བློ་བག་སྤྲོད་པ་དང་སེམས་གསོ་གཏོང་བ་དེ་འདྲ་ཕྲན་བུ་ཕྲན་བུ་བྱེད་ཐུབ་ཀྱི་རེད་བསམས་ནས། འགྲོ་ཐུབ་ན་བསམས་པའི་རེ་བ་ཞིག་བྱུང་འོན་ཀྱང་དེ་འདྲ་གང་ཡང་བྱུང་ཡོད་པ་མ་རེད།

དེའི་རྗེས་སུ་ཐའེ་ཝན་དུ་མཚོ་རླུང་གི་གོད་ཆགས་ཕོག་དུས་ཡོང་རོགས་གྱིས་ཟེར་བའི་མགྲོན་འབོད་བྱེད་མཁན་དེ་འདྲ་བྱུང་ཞིག་བྱུང་བ་རེད། སྐབས་དེར་འདས་གྲོངས་སུ་ཕྱིན་པའི་ཁྱིམ་མི་ཤུལ་དུ་ལུས་པ་དེ་འདྲ་ཁ་ཤས་ཐུག་པ་རེད། བྱམས་པོ་དེ་འདྲ་བྱེད་དུས་ཁོང་རང་ཚོར་སེམས་ལ་ངལ་གསོ་འདྲ་འཐོབ་ནས་དགའ་པོ་བྱེད་ཀྱི་འདུག དེ་བཞིན་ཐེའ་ཝན་ནང་པ་ཚོ་དང་སྨོན་ལམ་དེ་འདྲ་བརྒྱབ་དུས་ང་རང་ཡང་ཡིད་ཚིམས་པོ་ཞིག་དང༌། ཆོས་གྲོགས་པོ་མང་པོ་ཞིག་དང་ཐའེ་ཝན་གྱི་ནང་པ་ཚོ་ཡང་ཡིད་ཚིམས་པོ་ཞིག་བྱུང་སོང༌།

ཐེངས་འདི་དེ་ལས་ཀྱང་བོད་སའི་ས་ཁུལ་ཞིག་ཏུ་ཆགས་བསྡད་ཡོད་པ་རེད། གཉིས་ནི་མཚོ་སྔོན་ཞིང་ཆེན་དེ་པཎ་ཆེན་ཞིང་བཤེགས་དེ་དང་ངར་ཆགས་བཞག་ན་གང་ལྟར་མཚོ་སྔོན་ནས་ཡིན་པའི་ཨ་མདོ་བ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཕར་ཕྱོགས་ལ་ཅིག་སླེབས་ཐུབ་ན་བསམས་ཀྱི་འདུག འོན་ཀྱང་འགྲུབ་དང་མི་འགྲུབ་ཟེར་བ་དེ་རྐྱེན་མང་པོ་ཞིག་ལ་བརྟེན་ཡོད་པ་རེད། གལ་ཆེ་ཤོས་སུ་ས་གནས་ས་ཐོག་གི་མི་མང་པོ་ཞིག་གིས་ངའི་མིང་ནས་འབོད་པ་དེ་འདྲ་དང༌། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་ཡོང་གི་རེད་ཟེར་བའི་སྐད་ཆ་དེ་འདྲ་ཡང་ཡོང་གི་ཡོད་ས་རེད། ང་ཚོས་ཤེས་གསལ་རེད་མི་མང་ཚོའི་ངོས་ནས་དད་པ་དང་མདུན་པ་གཡོ་བ་མེད་པ་ཡོད་བསྡད་པ་རེད། གཞན་དག་ངས་གང་ཡང་བྱེད་ཐུབ་ཀྱི་ཡོད་པ་མ་རེད་དེ། མི་མང་པོ་ཞིག་ལ་སྤོབས་པ་དེ་འདྲ་སྦྱིན་ཐུབ་ཡ་དང༌། སེམས་ཀྱི་སྡུག་ངན་ཕྲན་བུ་ཞིག་སེལ་ཐུབ་ཡ་དེ་འདྲ་ཡོང་གི་རེད། དེ་འདྲའི་རེ་བ་རྒྱག་བཞིན་ཡོད་ཅེས་གསུངས་སོང་།

 

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡིག་ཐོག་ཏུ་སྩལ་བའི་གསར་འགོད་གསལ་བསྒྲགས།

ཉིན་ཤས་སྔོན་རོབ་ཙམ་བཤད་ཟིན་པ་ལྟར་ད་རེས་མཚོ་སྔོན་ཞིང་ཆེན་ཁོངས་རིགས་རང་སྐྱོང་ཁུལ་གྱི་སྐྱེ་རྒུ་མདོ་ཉེ་འཁོར་དང་བཅས་པར་ས་འགུལ་གྱི་འཇིགས་པ་ཚབས་ཆེ་བྱུང་སྟེ་མི་གྲངས་ཧ་ཅང་མང་པོ་རྐྱེན་འདས་དང་། རྨས་སྐྱོན། དེ་བཞིན་སྡོད་ཁང་དང་ཟ་ཆས་སོགས་གང་ཅིའི་ཆ་ནས་དཀའ་ངལ་བསམ་ཡུལ་ལས་འདས་པ་འཕྲད་པར་བློ་ཕམ་ཚད་མེད་བྱུང་ཡང་། མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་བྱ་རྒྱུ་ཙམ་ལས། ས་ཁད་ཀྱིས་འགྱངས་པས་དངོས་སུ་རོགས་ཕན་བྱ་ཐབས་དབེན།

ད་ལན་རྐྱེན་ངན་བྱུང་སྐབས་ཁུལ་དེའི་གྲྭ་བཙུན་དང་ན་གཞོན་སློབ་ཕྲུག་རྣམས་ཀྱིས་མཚོན་རང་རིགས་མང་པོས་ངལ་བ་ཁྱད་བསད་ཀྱིས་ངལ་སེལ་རོགས་སྐྱོར་ཧུར་ཐག་བྱས་འདུག་པར་དགའ་སྤོབས་བརྟས་ཤིང་། ཚང་མང་ལེགས་སོའི་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་གཞན་དོན་འགན་འཁུར་དང་ལེན་བྱེད་རྒྱུ་བྱང་སེམས་ཀྱི་བསླབ་བྱ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལག་ཏུ་བླངས་པ་ཡིན་པས་བཟང་སྤྱོད་དེ་དག་རྒྱུན་སྐྱོང་དགོས་པའི་རེ་སྐུལ་བྱེད་རྒྱུ་ཡིན།

དེ་བཞིན་དབུས་སའི་དབུ་ཁྲིད་སྤྱི་དང་། ལྷག་པར་སྲིད་བློན་ཝུན་ཅཱ་པའོ་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ས་གནས་སུ་ངོ་ཕེབས་ཐོག་མང་ཚོགས་ལ་སེམས་གསོ་དང་། ཉེན་སྐྱོབ་ངལ་སེལ་གྱི་ལས་གཞི་ཁག་ལ་གཟིགས་སྐྱོང་། གསར་འགྱུར་བརྒྱུད་ལམ་ཁག་ནས་དུས་ཐོག་གནས་ཚུལ་ཁྱབ་སྤེལ་ཐུབ་པ་བྱུང་བ་བཅས་ལ་ངོས་ནས་ཡི་རངས་བསྔགས་བརྗོད་བྱེད་རྒྱུ་དང་།

ཕྱི་ལོ་༢༠༠༨ལོར་ཟི་ཁྲོན་དུ་དེ་འདྲའི་ས་འགུལ་བྱུང་སྐབས་རྒྱ་ནག་དབུས་སའི་གཞུང་དང་། ཆེས་མཐོའི་དབུ་ཁྲིད་རྣམ་པས་ཐུགས་སྣང་ཆེན་པོས་ཉེན་སྐྱོབ་ཀྱི་ལས་དོན་ཚགས་ཚུད་དང་། ལྷག་པར་གསར་འགྱུར་བརྒྱུད་ལམ་ལ་ཚོད་འཛིན་མ་བྱས་པར་ཕྱི་གསལ་ནང་གསལ། དེ་བཞིན་རྒྱལ་སྤྱིའི་ཉེན་སྐྱོབ་མཐུན་རྐྱེན་རྣམས་དཀའ་ཚེགས་མེད་པར་ས་གནས་ས་ཐོག་ཏུ་འབྱོར་ཐུབ་པ་བྱུང་བ་བཅས་ལ་ཡི་རངས་བསྔགས་བརྗོད་བྱས་ཡོད་ཅིང་། ད་ལམ་ཡང་དེ་དང་མཚུངས་པ་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་དངོས་དངུལ་གྱི་རོགས་སྐྱོར་མཐུན་རྐྱེན་གང་ཐུབ་བྱེད་འདོད་ཡོད་པ་བཞིན་བརྒྱུད་ལམ་ཚད་ལྡན་ཞིག་བྱུང་འའཕྲལ་ཁུངས་སུ་གཏོང་ཐུབ་རེ་ཡོད།

རྐྱེན་ངན་གོད་ཆགས་ཀྱི་སྡུག་བསྔལ་གྱིས་མནར་བ་ཚོ་དང་ངོ་ཐུག་གིས་སྡུག་བསྔལ་མཉམ་མྱོང་དང་སྨོན་ལམ་རེ་འདེབས་ཐུབ་ན་སྙམ་པའི་རེ་བས་དེ་སྔོན་ཟི་ཁྲོན་དུ་གོད་ཆགས་བྱུང་སྐབས་འགྲོ་འདོད་བྱུང་ཡང་ཐབས་ཤེས་བྲལ། སྔ་ལོ་ཐའེ་ཝན་དུ་ཆུ་ཉེན་བྱུང་སྐབས་ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་དང་མཉམ་དུ་ཐུག་འཕྲད་དང་། སེམས་གསོ་སྨོན་ལམ་བྱ་རྒྱུའི་གོ་སྐབས་ཐོབ་པ་དེས་རང་ཉིད་ཡིད་བློ་ཚིབས་པ་མ་ཟད། མང་ཚོགས་ལའང་ཕན་ཐོགས་གང་ལེགས་བྱུང་སོང་སྙམ། དེ་རེས་ས་འགུལ་གྱི་གོད་ཆགས་བྱུང་སའི་ས་ཁུལ་མཚོ་སྔོན་ཞིང་ཆེན་ནི་ངོས་དང་པཎ་ཆེན་སྐུ་གོང་མ་གཉིས་ཀའི་སྐྱེས་ཡུལ་ཡིན་སྟབས། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ།

མཐའ་དོན་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཡོངས་ལ་ཉེན་སྐྱོབ་རོགས་རམ་ས་གནས་ས་ཐོག་ཏུ་ཡོང་བའི་རེ་སྐུལ་དང་། རྐྱེན་ངན་འོག་ཚུད་པའི་འཚོ་བཞུགས་མང་ཚོགས་རྣམས་ལ་ཡིད་སྐྱོ་རེ་ཆད་ཞུམ་པ་མི་བྱེད་པར་ལས་འབྲས་ལ་ཡིད་ཆེས་ཀྱིས་རྐྱེན་ངན་གྲོགས་སུ་སྒྱུར་ཐུབ་པའི་དཀའ་ངལ་གདོང་ལེན་དང་། མདུན་བསྐྱོད་ཀྱི་བསམ་པ་བརྟན་པོས་ཉམས་གསོ་དང་འཛུགས་སྐྲུན་གྱི་ལས་རིམ་ལ་ཧུར་བརྩོན་དགོས་པའི་གཞེན་སྐུལ་ཞུ་རྒྱུ་དང་། འདས་གསོན་ཚང་མར་དུས་ཀུན་དགེ་བའི་མཆོག་གསུམ་གསོལ་འདེབས་རྟག་ཏུ་བྱེད།
ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་སྐྱེ་འཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ལ།།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
5 ༠༩༢༠༡༢༡༡༤༤
ས་ཡོམ་གྱི་ཞལ་འདེབས་ཆ་ཚང་བོད་དུ་འབྱོར་མེད་པ་མ་ཟད་ཞལ་འདེབས་བསྡུ་མཁན་ཚོགས་མི་རྣམས་གཞིས་བྱེས་གཉིས་ནས་འགྲན་ཟླ་བྲལ་བའི་ཕྱུགས་བདག་ཆགས་འདུག
4 ༠༤༢༠༡༠༢༢༡༨
༧གོང་ས་མཆོག་གོད་ཆག་ས་ཁུལ་དུ་ཕེབས་ཐུབ་ན་ཅི་མ་རུང་།
3 ༡༨༢༠༡༠༠༩༢༨
ཨ་ཀ་སྤེན་པ།
གལ་སྲིད་ཕེབས་མ་རུང་། འགྱོད་པ་སྐྱེ་ནས་ཅི་ཕན།
ཕེབས་མ་ཐུབ་པ་དེ་ཡང་སྐྱེ་བ་སྔོན་མའི་ལས་ཡིན་རྒྱུ་རེད།
ཤིན་ཏུ་ནས་སྐུ་དྲིན་ཆེ།
1 ༡༧༢༠༡༠༢༠༡༩
ཨེ་མ་ཧོ། སྟོན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
ཉམ་ཐག་མ་རྒན་རྒྱུད་ལྔའི་འགྲོ་རྣམས་འཁོར་བའི་བཙོན་དུ་སྡུག་བསྔལ་བརྒྱས།།
རྣམ་གྲངས་དུ་མས་གཟེར་བའི་ཚུལ་འདི་མ་སྲོན་ཐབས་མཁས་སྒྱུ་འཕྲུལ་གྱིས།།
སྟོང་ཉིད་སྙིང་རྗེའི་ཟུང་འཇུག་ལམ་བཟང་རིགས་པའི་འཕྲུལ་གྱིས་འདོམས་པ་ལ།།
ཡང་ཡང་སྲིད་པའི་ངང་ཚུལ་འཛིན་འདི་ཙོང་ཁའི་སྟོན་པ་ཁྱེད་ཀྱི་ལས།།
འགྲོ་ལ་ཆགས་པས་ཀུན་ཏུ་ཆགས་པས་ཕྱག་དང་སྤྱན་སྟོང་བཅུ་གཅིག་ཞལ།།
སེང་གེའི་སྒྲ་དང་མགྲིན་སྔོན་ལ་སོགས་ཞི་ཁྲོའི་ཆོ་འཕྲུལ་སྣ་ཚོགས་ཀྱི།།
འགྲོ་བའི་བློ་དང་འཚམས་པར་འཇུག་པའི་སྤྲུལ་པ་དུ་མ་སྟོན་འདི་ཡང།།

ཕྱོགས་མཐའ་གཏུགས་པའི་བྱམས་བརྩེའི་ཕུང་པོ་གཅིག་ཏུ་བཟླུམས་པའི་འཕྲུལ་ལས་སོ།།
མགོན་པོ་མཆོག་དེ་ཁུལ་གོད་ཆག་ཐེབས་ཡུལ་དུ་ཕེབས་ནས་དེའི་ཁུལ་གྲོངས་ཟིན་པའི་འདས་པོ་རྣམས་ལ་སྐྱབས་འཇུག་དང་། རྨས་སྐྱོན་ཐེབས་པའི་གསོན་པོ་རྣམས་ལ་སེམས་གསོ་རེ་གནང་ཐུབ་པའི་རེ་བ་དང་བཅས་ངའི་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་བ་ལགས།



བརྗོད་གཞི་གཞན་ཁག་ལ་གཟིགས།