གཏམ་བརྗོད་རང་དབང་གི་མཚོན་རྟགས་ངོ་མ་གསར་འགོད་རང་དབང་ཡིན།

དུས་རབས་༡༥ ནས་གསར་འགྱུར་བརྒྱུད་ལམ་(Journalism)གྱིས་གོ་ལ་འདིའི་སྟེང་གི་ཆོས་རིག་དང་ལྟ་གྲུབ་འདྲ་མིན། རྒྱལ་རབས་ལོ་རྒྱུས། ཆབ་སྲིད། ཚན་རིག མི་རིགས་དཀར་ནག་གི་གནད་དོན། གྲལ་རིམ་མཐོ་དམན། རྒྱལ་ཁབ་དང་ལུང་ཚན་ཆེ་ཆུང་དབར་གྱི་གནད་དོན། དམག་འཁྲུག་ཆེ་ཆུང་འདྲ་མིན། ནད་རིགས་དང་ཁོར་ཡུག་སྐོར། དཔལ་འབྱོར། ཚོང་འབྲེལ་བཅས་ཀྱི་སྐོར་དོན་དངོས་ཀྱི་གནས་ཚུལ་རྣམས་རང་དབང་གི་ཐོག་ནས་མི་མང་ལ་གསལ་སྟོན་བྱེད་པས་ན་གསར་འགྱུར་གྱི་བརྒྱུད་ལམ་ནི་མང་གཙོའི་ཡུལ་གྲུ་ཁག་ཏུ་མི་མང་གི་གཏམ་བརྗོད་རང་དབང་(free Speech)གི་མཚོན་རྟགས་མང་གཙོའི་ཀ་བ་བཞི་པ་(fourth Estate)བརྩི་སྲུང་བྱེད་བཞིན་ཡོད།

དེ་ཡང་གནའ་བོ་ནས་ད་བར་གསར་འགོད་པ་ཚོས་གསར་འགོད་རང་དབང་ (Press Freedom)གི་དོན་དུ་དཀའ་ངལ་དུ་མར་གདོང་ལེན་ཁྲོད་བཙོན་འཇུག་དང་རྡུང་རྡེག་འདྲ་མིན་མྱངས་པའི་ལོ་རྒྱུས་སྣ་ཚོགས་ཤིག་ཡོད་ནའང༌། ད་ལྟ་བརྒྱུད་ལམ་ཁག་ཡར་རྒྱས་ཀྱི་རྣམ་པ་འབུར་དུ་ཐོན་ཏེ་དོན་དངོས་ཀྱི་ཉམས་ཞིབ་དང༌། འབྲི་རྩོམ་བཅས་ཀྱི་ལམ་ནས་དངོས་མཐོང་དངོས་མྱོང་གིས་བརྙན་འཕྲིན་དང༌། རླུང་འཕྲིན། ཚགས་ཤོག་སོགས་བརྒྱུད་ནས་གསར་གནས་མཁོ་སྤྲོད་ཀྱིས་མི་མང་གི་ཤེས་རྟོགས་གོང་མཐོར་གཏོང་གི་ཡོད་པ་རེད།

གནའ་དུས་སུ་གསར་འགོད་པ་ཚོས་རང་གིས་གང་མཐོང་བ་དང་གང་མྱོང་ཚོར་བྱུང་བ་དེ་དག་དུས་ནས་དུས་སུ་སྦྱར་ཤོག་སོགས་ཀྱི་སྟེང་ནས་འགོད་འགྲེམས་བྱས་ཡོད་ཅིང༌། རྗེས་སུ་གསར་བརྗེ་ཆེན་པོ་བྱུང་སྟེ་གསར་འགྱུར་གྱི་བརྒྱུད་ལམ་དུས་ཡུན་རིང་ཐུང་འདྲ་མིན་གྱི་ཚགས་ཤོག་དང༌། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་བཅས་བརྒྱུད་ནས་ཛ་དྲག་དང་དོན་གལ་ཆེ་བའི་གནས་ཚུལ་གསར་པ་རྣམས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད།

སྤྱིར་གསར་འགྱུར་བརྒྱུད་ལམ་གྱི་ལོ་རྒྱུས་སྣ་ཚོགས་ཤིག་ཡོད་ཀྱང་དུས་རབས་དང་པོའི་ནང་གནའ་བོའི་རོམ་གྱི་ལག་བྲིས་གསར་ཤོག་ཉིན་རེའི་གནས་ཚུལ་ཅདྟ རྐྱཏྲྤཎ ཁདྲསྤྱཔྱརྣཎཞེས་པ་འདོན་སྤེལ་གྱིས་མི་མང་ལ་གླེང་སྟེགས་ལྟ་བུར་གྱུར་ཡོད་པ་དང༌། ལོ་༧༥༠ སྔོན་རྒྱ་ནག་ཏུ་གཞུང་འབྲེལ་དྲིལ་བསྒྲགས་དུས་དེབ་དར་སྤེལ་བྱས་ཚུལ་གྲགས་ཤིང༌། དུས་རབས་༡༥ དཀྱིལ་མཚམས་སུ་རྗར་མི་ནེ་རུ་གསར་ཤོག་དཔར་འགྲེམས་ཀྱི་ཁྱབ་ཚད་ཆེ་ཤོས་སུ་གྱུར་ཡོད་པས་གསར་ཤོག་ཐོག་མར་དབུ་བརྙེས་ས་ཡིན་ལུགས་བཤད་སྒྲོས་སུ་ཡོད་པ་རེད། དུས་རབས་༡༦ དང་༡༧ ནང་ནེ་ཐེར་ལན་ཌི་དང༌། དབྱིན་ལན་ཌི་བཅས་སུའང་གསར་དེབ་དང་གསར་གནས་ཀྱི་བང་ཆེན་སྣ་ཚོགས་ཤིག་གསར་ཐོན་བྱུང་ཡོད་པ་དང༌། དུས་རབས་༡༧ སྨད་ཙམ་དུ་ཧཕ་རན་སིར་བསམ་ཚུལ་བརྗེ་ལེན་གྱི་དུས་དེབ་ཅེས་པ་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་པ་རེད།

དུས་རབས་༡༨ འགོ་སྟོད་དུ་སྲིད་དོན་པ་ཚོས་གསར་ཤོག་གི་ནུས་ཤུགས་དང༌། དེའི་ཁྱབ་ཚད་ཀྱིས་མི་མང་གི་བསམ་ཚུལ་ལ་འགུལ་སྐྱོད་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པའི་ངོས་འཛིན་བྱས་པར་བརྟེན། གསར་འགྱུར་བརྒྱུད་ལམ་དེ་ཉིད་རང་བཞིན་གྱིས་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་པ་དང༌། གསར་འགྱུར་བརྒྱུད་ལམ་གྱི་ཁ་ཕྱོགས་དེ་ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་འདྲེས་སུ་གྱུར་ནས་སྲིད་དོན་གྱི་ལྟ་གྲུབ་རེར་གསར་འགྱུར་གྱི་བརྒྱུད་ལམ་རེ་ཆགས་པ་ལྟ་བུ་རེད། འོན་ཀྱང་འཛམ་གླིང་ཡུལ་གྲུ་མང་པོར་མང་གཙོའི་ལམ་ལུགས་དར་སྤེལ་བྱུང་བ་དང་ཕྱོགས་མཚུངས་གསར་འགོད་རང་དབང་ལ་ཆེ་མཐོང་སླེབས་ཡོད།

དུས་རབས་༡༨ ནང་དབྱིན་ལན་ཌིའི་སྙན་གྲགས་ཅན་གྱི་གསར་འགོད་པ་མང་པོས་མི་མང་གི་གཏམ་བརྗོད་རང་དབང་ངམ། གསར་འགོད་རང་དབང་གི་ཆེད་གཞི་རྒྱ་ཆེ་བའི་འཐབ་རྩོད་གནང་འགོ་བཙུགས་ཡོད་པ་དང༌། ཕྱི་ལོ་༡༦༩༠ ལོར་དབྱིན་ཇིས་མི་སེར་སྤེལ་ཡུལ་ཨ་རིའི་བྷོ་སི་ཊོན་དང༌། མེ་སེ་ཆུ་སེ་རུ་མི་མང་གི་གསར་ཤོག་ཞེས་པ་དང་པོ་འདོན་སྤེལ་བྱས་པར་བརྟེན་གསར་ཤོག་དེའི་རྩོམ་སྒྲིག་པ་བྷེན་ཇ་མན་ཧ་རི་སི་བཙོན་འཇུག་བྱས་ཡོད་པ་རེད།

ཕྱི་ལོ་༡༧༣༥ ལོར་ནེའུ་ཡོག་ནང་གསར་འགོད་རང་དབང་དང་དབྱིན་ཇིའི་དབང་འཛིན་པ་ཚོའི་བྱ་སྤྱོད་སྐོར་གྱི་གནས་ཚུལ་རྣམས་གསར་ཤོག་ཐོག་པར་སྐྲུན་བྱེད་མཁན་པེ་ཊེར་ཟེན་གྷེར་ཡང་བཙོན་འཇུག་བྱས་པའི་ཉེར་ལེན་བཅས་ཀྱིས་ཨ་རིར་གསར་འགོད་རང་དབང་ཐོག་འགྱུར་བ་ཆེན་པོ་ཕྱིན་ཡོད།

དུས་རབས་༡༩ ནང་ཡུལ་དེར་བཟོ་ལས་གསར་བརྗེ་དང་ཡར་རྒྱས། མི་མང་གི་ཤེས་ཡོན་ཡར་རྒྱས་བྱུང་བ་དང་ཆབས་ཅིག་གསར་འགྱུར་བརྒྱུད་ལམ་ཡང་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་རིམ་སྤོས་ཐུབ་ཡོད་པ་དང༌། དེ་ཡང་གསར་འགྱུར་བརྒྱུད་ལམ་གྱི་མི་སྣ་གལ་ཆེན་ཚོས་མི་འབོར་འཕེལ་བཞིན་པའི་གྲོང་ཁྱེར་ཁག་ཏུ་གསར་འགྱུར་གྱི་གནས་ཚད་བཟང་དུ་བཏང་སྟེ་མི་མང་གི་འབྲི་ཀློག་སྦྱང་གསུམ་གྱི་གནས་ཚད་ཀྱང་ཇེ་མཐོ་དང༌། གསར་འགྱུར་བརྒྱུད་ལམ་ཁག་ལ་དོ་སྣང་དང་བརྩི་འཇོག་ཀྱང་ཆེ་རུ་ཕྱིན་ཡོད་པ་དེས་གཏམ་བརྗོད་རང་དབང་གི་རྣམ་པ་གསར་པ་ཞིག་མངོན་ཐུབ་པ་རེད།

ཕྱིས་སུ་དུས་རབས་༡༩ པའི་མཇུག་དང་༢༠ པའི་འགོ་སྟོད་དུ་དབྱིན་ལན་ཌིའི་རེའུ་ཊེར་སི་གསར་འགྱུར་བརྒྱུད་ལམ་ཚོགས་པ་སོགས་དང༌། ཨ་རིའི་རྒྱལ་སྤྱིའི་གཅིག་སྒྲིལ་གསར་འགོད་ལྷན་ཚོགས་ཞེས་པ། ཁེ་ན་ཌའི་གསར་འགོད་པ་མཉམ་འབྲེལ་ཚོགས་པ་སོགས་མང་པོ་བྱུང་སྟེ་གཏམ་བརྗོད་རང་དབང་གི་ཉི་མ་དེ་བཞིན་མང་གཙོའི་ལམ་ལུགས་ཀྱི་འཕེལ་རིམ་ལྟར་ཨ་རི་དང༌། ཁེ་ན་ཌ། དབྱིན་ལན་ཌི་བཅས་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ནས་ཤར་ཡོད་ཅིང༌། དེ་དང་ཆབས་ཅིག་པར་རིས་དང་མཛེས་བཀོད་ལྡན་པའི་དུས་དེབ་ཆེ་ཆུང་འདྲ་མིན་དང༌། རླུང་འཕྲིན། བརྙན་འཕྲིན། གསར་ཤོག་སྣ་ཚོགས་ཤིག་དར་སྤེལ་བྱུང་ཡོད་པ་རེད།

ཕྱི་ལོ་༡༩༢༠ ནང་རླུང་འཕྲིན་དང་དུས་ཐུང་བརྙན་འཁོར་གསར་གཏོད་བྱུང་བ་དང༌། ཕྱི་ལོ་༡༩༤༨ ནས་གསར་འགྱུར་བརྒྱུད་ལམ་ཁག་དར་ཁྱབ་ཆེ་ཤོས་སུ་གྱུར་པ་དང༌། ཕྱི་ལོ་༡༩༥༠ ནང་བརྙན་འཕྲིན་དར་ཁྱབ་བྱུང་ཡོད་ཅིང༌། དམིགས་བསལ་རླུང་འཕྲིན་གྱི་ལས་རིམ་ཁག་ལ་དོ་སྣང་ཆེན་པོ་བྱུང་ཡོད་པ་རེད། ཕྱི་ལོ་༡༩༣༩ ནས་༡༩༤༥ བར་དང༌། དམག་ཆེན་གཉིས་པའི་སྐབས་དམག་འཁྲུག་གི་དོན་རྐྱེན་དང༌། དོན་རྐྱེན་དེའི་འོག་དམག་མི་ཤི་གསོན་དང་རྨས་སྐྱོན་ཇི་བྱུང་སྐོར། དམག་སའི་གནད་དོན་བཅས་ཀྱི་སྐོར་རླུང་འཕྲིན་དང་གསར་ཤོག་ཁག་ནས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་དང༌། དེར་དོ་སྣང་བྱེད་མཁན་ཤིན་ཏུ་མང་པོར་གྱུར་ཡོད་པས་བརྒྱུད་ལམ་ཁག་མེད་དུ་མི་རུང་བའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་གྱུར་པ་རེད། ཕྱི་ལོ་༡༩༧༠ ནས་གྲོང་ཁྱེར་གྱི་མི་ཚང་ཕལ་ཆེ་བའི་ནང་བརྙན་འཕྲིན་ཉོ་སྒྲུབ་བྱས་ཡོད་ཅིང༌། ད་ལྟ་དེ་ལས་ཀྱང་དར་ཁྱབ་ཆེ་བ་ཡོད་པ་རེད།

ཕྱི་ལོ་༢༠༠༠ ལོ་ནས་ཨ་རིའི་ནང་གཅིག་པུར་ཉིན་རེའི་གསར་ཤོག་འདྲ་མིན་ཁག་༡༥༠༠ ལྷག་ཡོད་པ་དེ་དག་ཉིན་ལྟར་གསར་ཤོག་གྲངས་ས་ཡ་༥༦ ལྷག་དཔར་འགྲེམས་བྱས་ཡོད་ཅིང༌། ཁེ་ན་ཌར་ཉིན་རེའི་གསར་ཤོག་ཁག་༡༠༥ ལྷག་ཡོད་པ་དེ་དག་ཉིན་ལྟར་གསར་ཤོག་གྲངས་ས་ཡ་༥ ལྷག་དཔར་འགྲེམས་བྱས་ཡོད་པ་རེད། དེང་སང་ཨ་རིར་ཁྱབ་ཆེ་བའི་ཚགས་ཤོག་དེ་རིང་གི་ཨ་རི་ཞེས་པ་དེ་ཉིན་ལྟར་ས་ཡ་གཉིས་གྲངས་ཆུང་གསུམ་ཙམ་དཔར་འགྲེམས་བྱེད་ཀྱི་ཡོད་པ་དང༌། ད་དུང་ཉིན་རེའི་གསར་ཤོག་གྲགས་ཅན་གསར་ཤོག་ནེའུ་ཡོག་དུས་བབ་དང༌། ལོ་སི་ཨན་ཇེ་ལི་སི་དུས་བབ་སོགས། ཁེ་ན་ཌར་ཊོ་རན་ཊོའི་སྐར་མ། རྒྱ་གར་གྱི་བང་ཆེན་སོགས་ཡོད་པ་རེད།

ཨ་རིར་བདུན་རེའི་གསར་ཤོག་མི་འདྲ་བ་ཁག་༧༦༠༠ ཙམ་ཡོད་པ་དེ་དག་རེ་རེའི་གྲངས་༩༠༠༠ ལྷག་དཔར་ཐེངས་རེར་འགྲེམས་སྤེལ་བྱེད་ཀྱི་ཡོད་ཅིང༌། ཁེ་ན་ཌར་ཡང་བདུན་རེའི་གསར་ཤོག་༡༡༠༠ སྐོར་ཡོད་པ་དང༌། དེ་བཞིན་དུས་དེབ་དང་དུས་ཡུན་རིང་ཐུང་སྣ་ཚོགས་ཀྱི་ཚགས་ཤོག་དང༌། བརྒྱུད་ལམ་ཁག་འཛམ་གླིང་ཡུལ་གྲུ་ཕལ་ཆེ་བར་དོ་སྣང་དང་ཆེ་མཐོང༌། སྒོས་སུ་མང་གཙོའི་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཆེ་བ་ཙམ་ཏུ་མ་ཟད། མི་མང་ནས་མང་གཙོའི་ཀ་བ་བཞི་པའམ་མི་མང་གི་མངོན་འདོད་དང༌། མི་མང་གི་གཏམ་བརྗོད་རང་དབང་གི་མཚོན་རྟགས་སུ་བརྩི་ཡི་ཡོད་པ་རེད། དེ་བཞིན་༢༠༠༠ ལོ་ནས་ཨ་རིར་ཁྱབ་སྙོམས་མི་༡༠༠༠ རེ་ནས་བརྙན་འཕྲིན་གྲངས་༨༣༥ ཙམ་བེད་སྤྱོད་དང༌། ཁེ་ན་ཌར་མི་གྲངས་༡༠༠༠ རེ་ནས་བརྙན་འཕྲིན་༧༡༠ ཙམ་གསར་འགྱུར་ཁག་ལ་ཉིན་ལྟར་སྐར་མ་༡༥ ནས་༢༠ བར་བེད་སྤྱོད་བྱས་པའི་རོབ་རྩིས་བྱས་ཡོད་པ་མ་ཟད། གསར་ལམ་ཁག་ཇེ་མང་དུ་ཕྱིན་པ་དང་ཆབས་ཅིག་མི་མང་ནས་ལྟ་ཉན་བྱེད་རྒྱུའི་དུས་ཡུན་ཡང་སྐར་མ་༣༠ ནས་ཆུ་ཚོད་༡ བར་འཕར་ཡོད་པ་རེད།

མིའི་ཤེས་ཚད་དང་དཔལ་འབྱོར་གོང་མཐོར་ཕྱིན་པ་དང་ཆབས་ཅིག་མང་གཙོའི་ལམ་ལུགས་ཀྱང་འཕེལ་རྒྱས་ཕྱིན་པ་དང༌། གསར་འགོད་ཀྱི་རང་དབང་ལྡན་པའི་ཡོ་རོབ་ཡུལ་གྲུ་ཁག་གིས་གཙོས་ཉི་ཧོང་དང༌། ལྷོ་ཀོ་རི་ཡ། ལྷོ་ཨེ་ཤ་ཡའི་མང་གཙོའི་ཡུལ་གྲུ་ཁག ཨ་ཧཕི་རི་ཀའི་ཡུལ་གྲུ་ཁག ལྷོ་ཨ་མི་རི་ཀ་བཅས་སུ་དེ་བཞིན་གསར་ཤོག་ལྟ་ཀློག་དང༌། རླུང་འཕྲིན་དང་བརྙན་འཕྲིན་ལྟ་ཉན་ཐུབ་པའི་མི་འབོར་ལ་གཞིགས་པའི་གསར་འགྱུར་བརྒྱུད་ལམ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: