བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༢༡ཉིན། དེ་རིང་རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང་༼བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་༽ཅེས་པའི་བགྲོ་གླེང་ཞིག་གོ་སྒྲིག་བྱས་འདུག

བགྲོ་གླེང་ཐོག་ཤིང་བཟའ་རིན་པོ་ཆེ་ལགས་དང་། མཁས་དབང་ནཱ་ག་སངས་རྒྱས་བསྟན་དར། རྩོམ་པ་པོ་ཀླུ་མཁར་བྱམས། རྩོམ་པ་པོ་བློ་གྲོས་དཔལ་བཟང་། རྩོམ་པ་པོ་ཤེས་རབས་དར་རྒྱས་ལགས་བཅས་གདན་འདྲེན་ཞུས་འདུག་པ་དང་། གཞན་ཡང་རྩོམ་པ་པོ་དང་། དགེ་རྒན། ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་༤༠ཙམ་མཉམ་ཞུགས་བྱས་འདུག

བོད་ཀྱི་སྐད་ཡིག་བགྲོ་གླེང་བ་ཤིང་བཟའ་རིན་པོ་ཆེ་ལགས་ཀྱིས། མི་རིགས་ཤིག་གི་ངོ་བོ་མཚོན་བྱེད་དངོས་ནི། གདོང་གི་དབྱིབས་གཟུགས་སོགས་མ་ཡིན་པར། གཙོ་བོ་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་ལ་ཐུག་ཡོད། དེ་བས་གལ་ཆེའི་རང་བཞིན་གྱི་བགྲོ་གླེང་འདིར་མཉམ་ཞུགས་བྱེད་མཁན་ཧ་ཅང་ཉུང་བ་འདིར་ཧ་ཅང་བློ་ཕམ་བྱུང་བཅས་གསུངས་སོ།

ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་དང་། གྲོས་ཚོགས་ཀྱི་གཏན་ལ་ཕབ་པའི་༼བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་༽དེ་སློབ་གྲྭ་ཁག་ནང་ལག་བསྟར་ཡག་པོ་ཞིག་ཐུབ་པ་ཡིན་ན། དེས་ང་ཚོ་བོད་སྐད་ཡིག་དེ་སྲུང་སྐྱོབ་དང་ཡར་རྒྱས་འགྲོ་བ་ཧ་ཅང་ཕན་ཐོགས་ཆེན་པོ་ཆགས་ཀྱི་རེད་ཅེས་གསུངས་སོང་།

ཀླུ་མཁར་བྱམས་ལགས་ཀྱིས། མི་རིགས་སྔོན་དུ་བསྐྱབ་དགོས་ཞེས་པ་དེ་རྒྱུན་གྱི་བསམ་བློ་ཞིག་དང་དྲི་བ་ཞིག་ཡིན། སྐད་ཡིག་དང་མི་རིགས་གཉིས་ཀ་ཅིག་ཅར་དུ་སྲུང་སྐྱོབ་བྱེད་དགོས། པ་ཀི་སི་ཐན་གྱི་སྐད་ཡིག་དེ་ཁྲིམས་གཏུགས་བྱེད་ཡོད། དེ་བཞིན་ཧི་མ་ལ་ཡི་བྷོ་ཊའི་སྐད་ཡིག་ཀྱང་ཁྲིམས་ཐོག་འགྲོ་བཞིན་པ་རེད། བོད་ཀྱི་སྐད་ཡིག་འདི་ཉིད་རྒྱ་ནག་གི་ཁྲིམས་ཀྱི་ནང་དུ་ངོས་འཛིན་བྱས་ཡོད། བྱས་ཙང་ང་ཚོས་གོ་སྐབས་འདི་ཉིད་དང་མཐུན་རྐྱེན་འདི་ཉིད་ངེས་པར་དུ་བཀོལ་སྤྱོད་བྱ་དགོས་པ་གལ་ཆེའོ། ཕྱོགས་གཞན་ཞིག་ནས་བལྟས་ན་རྒྱ་ནག་ལའང་བོད་སྐད་ཡིག་འདི་མཁོ་དགོས་ཡོད་པ་དང་། དེ་ཉིད་ཚོང་རྫས་ལྟ་བུར་བེད་སྤྱོད་བཞིན་ཡོད་པ་འདི་ང་ཚོས་ཤེས་རྟོགས་ཐུབ་པ་དགོས་ཞེས་གསུངས་སོང་།

བློ་གྲོས་དཔལ་བཟང་ལགས་ཀྱིས། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་རང་གི་སྐད་ཡིག་འདི་ཉིད་ཉམས་རྒུད་འགྲོ་ཚུལ་དང་དེ་ཉིད་ཇི་ལྟར་བྱས་ཏེ་འཕེལ་རྒྱས་གཏོང་དགོས་མིན་གྱི་སྐོར་ཡིན།

ཐ་སྙད་གསར་བ་འདི་དག་སློབ་གྲྭ་ཁག་གཅིག་པུ་མ་ཡིན་པར་མི་མང་ཁྲོད་དུའང་གོམས་འདྲིས་ཐེབས་བཅུག་རྒྱུ་དང་དར་སྤེལ་གཏོང་དགོས། མདོར་ན་ཐ་སྙད་གཏན་འཕེལ་འདི་ཉིད་མི་མང་རང་བཞིན་གྱི་ལས་འགུལ་ཞིག་ཏུ་བསྒྱུར་རྒྱུ་གལ་ཆེ་རེད།

རིག་གཞུང་གསར་བ་ནང་འདྲེན་བྱ་དགོས་ན་ཐོག་མ། ཆ་རྐྱེན་ཚང་དགོས་པ་ནི་དཔེ་ན་མཐོ་སློབ་ཁག་ལྟ་བུ་མཚོན་ན་ཆེད་ལས་རང་བཞིན་དུ་བསྒྱུར་རྒྱུ་གལ་ཆེ། དེའི་དགེ་རྒན་ཡང་ཆེད་ལས་རྐྱང་དགོས། དེ་ཡང་གཙོ་བོ་དགེ་རྒན་ལ་ཤེས་ཚོད་ཡོད་མེད་ཙམ་མ་ཡིན་པར། གཙོ་བོ་སློབ་ཕྲུག་ལ་ཕན་ཐོགས་ཀྱི་ནུས་པ་འདོན་ཐུབ་མཁན་ཞིག་དགོས་པ་ཡིན། དེས་ན་སློབ་གྲྭ་ཁག་ཏུ་སློབ་ཁྲིད་དང་སློབ་སྦྱོང་སྤྲོད་སྟངས་འདི་ཉིད་དང་ཐོག་བསྒྱུར་བཅོས་གཏོང་དགོས། དེ་བཞིན་ཐ་སྙད་གསར་བ་གཏན་འབེབ་དང་བཀོལ་སྤྱོད་བྱ་རྒྱུ་བཅས་ནི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཆགས་ཡོད་ཅེས་གསུངས།

ཤེས་རབ་དར་རྒྱས་ལགས་ཀྱིས། ང་ཚོའི་སྐད་ཡིག་བཀོལ་སྤྱོད་འདི་ཉིད་གང་ལ་འགགས་ཡོད་མེད་ལ་བལྟ་དགོས། ད་ལྟ་སྲུང་སྐྱོབ་ཡག་ཤོས་ནི་དགོན་སྡེ་གྲྭ་ཚང་ཁག་ཆགས་ཡོད། དེ་མིན་སྤྱི་ཚོགས་ཁྲོད་ནི་ཕལ་ཆེར་ཉམས་ཆགས་ཕྱིན་ཡོད་པར་མཐོང་བཞིན་ཡོད། བྱས་ཙང་བཙན་བྱོལ་སྤྱི་ཚོགས་ཁྲོད་རང་གི་སྐད་ཡིག་བཀོལ་སྤྱོད་ཀྱི་གནད་དོན་འདི་ཉིད་ཛ་དྲག་རང་བཞིན་དུ་གྱུར་ཡོད་ཅེས་གསུངས་ཡོད་པ་རེད།

གཞན་ཡང་དྲི་བ་དྲིས་ལན་དང་བསམ་ཚུལ་བརྗེ་རེས་སྐབས།

༡། བོད་སྐད་ཡིག་འདི་ཉིད་ལོ་རྒྱུས་དང་། ཆོས་འབྱུང་། ཡང་ན་སྙན་ངག་ཙམ་ཁོ་ན་མིན་པར། བརྩེ་དུང་དང་། མཚར་སྒྲུང་སོགས་སྣ་འཛོམས་རང་བཞིན་གྱི་སྐད་ཡིག་ཅིག་བསྐྲུན་ཐབས་བྱ་དགོས་ཀྱི་འདུག

༢། བོད་ཀྱི་སྐད་ཡིག་འདི་མེད་པ་ཆགས་ཚེ་ད་གཟོད་བོད་མི་རིགས་འདི་ཡང་མེད་པ་ཆགས་ནས། བོད་མི་རིགས་ཟེར་བ་ཞིག་ངོས་འཛིན་ཐབས་མེད།

༣། ང་ཚོའི་བོད་སྐད་ཡིག་འདི་ཉིད་ཁྲོམ་ར་རང་བཞིན་ཞིག་ཀྱང་ངེས་པར་བསྐྲུན་དགོས།

༤། ང་ཚོས་སྐད་ཡིག་སྲུང་སྐྱོབ་བྱེད་པར་རྒྱ་ནག་གི་སྲིད་བྱུས་ནང་ངེས་པར་སྒྲུབ་དགོས་པ་དང་། སྒྲུབ་ཆོག་པ། སྒྲུབ་མི་ཆོག་པ་བཅས་མདོར་དོན་དབྱེ་བ་༢ཆགས་ཡོད་སྟབས། དེ་དག་ང་ཚོས་ཁ་ཙམ་བཤད་པས་མི་ཕན་པར། རྩ་བ་རྒྱ་ནག་རང་ཉིད་ཀྱིས་དེར་འགྱུར་ལྡོག་གཏོང་དགོས་པ་ཆགས་ཡོད།

རྒྱ་ནག་གི་གཡོ་བྱུས་དེའི་འོག་ནས། སྔར་མོ་རྒྱ་མི་རིགས་ཀྱི་མགོ་ཐོག་ཏུ་བསྡད་མྱོང་མཁན་རླབས་ཆེ་བའི་མན་ཇུ་མི་རིགས་དེའང་ད་ལྟ་རྩ་མེད་དུ་སོང་བའི་རྒྱུ་རྐྱེན་ནི། སྐད་ཡིག་དང་རྒྱ་མི་རིགས་ཀྱི་གཡོ་བྱུས་ཆེ་བའི་སྲིད་ཇུས་གཉིས་ལ་ཐུག་ཡོད།

༥། སྐད་ཡིག་སྲུང་སྐྱོབ་བྱེད་པར་ཐོག་མར་ཁྱིམ་ཚང་གི་སློབ་ནི་ཧ་ཅང་གལ་ཆེན་པོ་ཆགས་འདུག

༦། སྐད་ཡིག་རྒྱུན་འཛིན་ཚོགས་པས་དྷ་ས་མེ་གྷན་ཁུལ་དུ་ཟ་ཁང་དང་ཚོང་ཁང་དེ་དག་གི་སྒོ་བྱང་སོགས་ལ་དོ་སྣང་དང་། བོད་ཡིག་དེ་དབྱིན་ཡིག་ལས་ཆེ་ཙམ་འབྲི་ཐབས་ལ་འབད་བརྩོན་སྐུལ་སློང་བྱ་དགོས་སོགས་བསམ་ཚུལ་མང་པོ་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།