བལ་ཡུལ་དུ་རང་ལུས་མེར་སྲེག་གཏོང་མཁན་སྒྲུབ་ཚེ་ཡིན་འདུག
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༡༥ཉིན། ཟླ་འདིའི་ཕྱི་ཚེས་༡༣ དང་བོད་ཀྱི་ལོ་སར་ཚེས་༣ ཉིན་གྱི་ཞོགས་པར་རྒྱ་གཞུང་ལ་ངོ་རྒོལ་གྱིས་བལ་ཡུལ་གྱིས་བལ་ཡུལ་དུ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྒོ་ཆེན་འགྲམ་དུ་རང་ལུས་མེར་སྲེག་གཏོང་མཁན་དེའི་མིང་ལ་སྒྲུབ་ཚེའམ་༼འགྲུབ་བཞིན་ཚེ་རིང་༽ཡིན་འདུགརྗེས་སུ་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་བར་ལྟར་ན། ཁོང་གིས་རང་ལུས་ལ་སྲིན་བལ་དཀྲིས་ཏེ་ལྕགས་སྐུད་ཀྱིས་བདམས་པ་དང་། དེའི་ཐོག་རྡོ་སྣུམ་བླུག་ཡོད་འདུག་ལ། ཁོང་གིས་རང་ལུས་མེར་སྲེག་བཏང་ནས་ཐང་ལ་རིལ་སྐབས་བལ་གྱི་ནེན་རྟོག་པ་མང་པོ་སླེབས་སྟེ་ཁྲིད་ཡོད་འདུག་ཀྱང་། ཁོང་དེ་མ་ཐག་འདས་གྲོངས་སུ་ཕྱིན་ཡོད་འདུག
སྒྲུབ་ཚེ་ལགས་ནི་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་རྒྱལ་ཕྱུག་སྡེ་བ་ནས་ཡིན་འདུག་པ་དང་། ཡབ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་དང་མ་ཚེ་ལྷ་གཉིས་ཀྱི་སྲས་ཡིན་པ་དང་། རང་ལོ་ཉི་ཤུ་རྩ་ལྔ་ཡིན་འདུག
ཁོང་གིས་དེ་སྔོན་ངས་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་སྒྲུབ་མ་ཐུབ་ཀྱང་མ་འོངས་པར་ངས་གང་ཐུབ་ཀྱིས་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་སྒྲུབ་རྒྱུ་ཡིན་ཞེས་འབྲེལ་ཡོད་ལ་བཤད་ཡོད་འདུག ཁོང་ཉིད་དེ་སྔོན་གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་རྒྱལ་ཕྱུག་དགོན་པར་ཆོས་ཞུགས་བྱས་གནང་ཡོད་འདུག་པ་དང་། འདི་ལོ་ཕྱི་ཟླ་དང་པོའི་ནང་བོད་ནས་བལ་ཡུལ་དུ་འབྱོར་སྟེ། བལ་ཡུལ་བོད་གཞུང་སྣེ་ལེན་ཁང་དུ་བསྡད་ཡོད་འདུག
ད་ལྟ་བལ་ཡུལ་ཉེན་རྟོག་པས་ཕུང་པོ་རྩིས་སྤྲད་མེད་ནའང་། ཟླ་འདིའི་ཚེས་༡༥ ཉིན་སྣེ་ལེན་ཁང་དང་འབྲེལ་ཡོད་ལ་རྩིས་སྤྲོད་འཆར་ཡོད་འདུག བལ་ཡུལ་གཞུང་གིས་བོད་མིའི་ཐོག་དམ་དྲག་བྱས་ཏེ། ས་གནས་ནས་ཁོང་རྩད་གཅོད་བྱེད་རྒྱུར་དཀའ་ངལ་འཕྲད་ཡོད་འདུག
ཁོང་གི་རྒྱ་ནག་གི་ཐོབ་དཔང་ལག་ཁྱེར་ཐོག་ཏུ་ཡང་སྒྲུབ་ཚེ་བྲིས་ཡོད་པ་དང་། བོད་གཞུང་སྣེ་ལེན་ཁང་དུ་ལུང་རྟོགས་བསྟན་འཛིན་ཞེས་ཐོ་བརྒྱབ་ཡོད་ལུགས་སོགས་འབྲེལ་ཡོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བྱུང་།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།