ས་རཱ་མཐོ་སློབ་དང་བླང་སློབ་མའི་ལོ་སར་མི་གཏོང་བའི་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༡༡ཉིན། ས་རཱ་མཐོ་སློབ་དང་བླང་སློབ་མ་ཁག་ཅིག་གིས་རྒྱ་གཞུང་གི་བཙན་གནོན་སྡུག་སྦྱོང་འོག་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱའི་ནག་ཉེས་ ཐེར་འདོན་གྱི་༼ལོ་སར་མི་གཏོང་༽ཞེས་པའི་ལས་འགུལ་ཞིག་ཉིན་གྲངས་གཉིས་རིང་སྤེལ་བཞིན་འདུག

དེ་རིང་བོད་ཆུ་སྤྲུལ་ལོའི་ཚེས་༡ཉིན་ཏེ་ཕྱི་ཟླ་༢པའི་ཚེས་༡༡ཉིན་གྱི་ཞོགས་པར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ཁག་ཅིག་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རྣམ་པ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ལྷན་འཛོམས་ཐོག་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གྲུབ་རྗེས། སྔ་དྲོའི་ཆུ་ཚོད་༡༡མ་ཟིན་ཙམ་ལ་ངྷ་ས་ཐེག་ཆེན་གཙུག་ལག་ཁང་གི་དྲན་གསོའི་རྡོ་རིང་མདུན་དུ། ས་རཱ་མཐོ་སློབ་དང་བླང་སློབ་མ་ཁག་ཅིག་གིས་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་༼ལོ་སར་མི་གཏོང་༽ཞེས་པའི་ཉིན་གྲངས་གཉིས་རིང་གི་ལས་འགུལ་དབུ་འཛུགས་ཀྱིས། ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་གཙོ་བོར་གྱུར་བའི་བོད་རིགས་སྤུན་ཟླ་མང་པོར་རྒྱ་གཞུང་གིས་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ཁྲིམས་ཆད་ལྕི་མོ་བཅད་པར།  སློབ་ཕྲུག་ཚོས་རང་གི་ཟུངས་ཁྲག་གིས་བློ་བཟང་དཀོན་མཆོག་ལགས་ཀྱི་མཚན་བྲིས་ཏེ། དེ་ལ་རྒྱབ་སྐྱོར་གནང་མཁན་གྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོར་མཚན་རྟགས་བསྡུ་རུབ་ཀྱིས་རྒྱ་གཞུང་གི་དྲང་བདེན་མིན་པའི་ཁྲིམས་ཆོད་ལ་ངོ་རྒོལ་དང་། དེ་བཞིན་རྒྱ་གཞུང་གི་གདུག་རྩུབ་འོག་མནར་གཅོད་མྱངས་དང་མྱོང་བཞིན་པའི་སྤུན་ཟླ་ཚོར་མྱ་ངན་མཚོན་ཆེད། ལོ་གསར་ཚེས་༡ཉིན་ཆུ་ཚོད་ཉེར་བཞིའི་རིང་ཟས་ཆུ་གཙང་བཅད་ཀྱིས་མྱ་ངན་པུས་བཙུགས་དང་མེག་གྷན་ཁྲོམ་གཞུང་དུ་མར་མེའི་ཁྲོམ་སྐོར་གནང་ཡོད་པ་དང་། ལོ་གསར་ཚེས་༢ཉིན།  ༼འཁྱོག་པོའི་ཁྲིམས་ལ་ངོ་རྒོལ་དང་། རྒྱ་གཞུང་གི་ནག་ཉེས་ཐེར་འདོན༽ཞེས་པའི་བརྗོད་གཞིའི་འོག་ངོ་རྒོལ་ཀྱི་བྱ་འགུལ་ཁག་ཅིག་སྤེལ་རྒྱུ་ཡིན་པ་མ་ཟད། ཉིན་གུང་ཆུ་ཚོད་༡༡དང་ཕྱེད་ཀ་ནས་མེག་གྷན་རླངས་འཁོར་འབབ་ཚིགས་ནས་ཐེག་ཆེན་གཙུག་ལག་ཁང་བར་དུ་མི་མང་མཉམ་ཞུགས་ཀྱིས་ཁྲོམ་སྐོར་གནང་རྒྱུ་ཡིན་འདུག


སྐབས་དེར་ལས་འགུལ་སྣེ་འཁྲིད་པ་གྲྭ་འཇམས་དབྱངས་སྦྱིན་པ་ལགས་ཀྱིས།  ལས་འགུལ་འདི་གོ་སྒྲིག་བྱས་པའི་དགོས་དམིགས་ནི་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་བོད་རིགས་སེར་སྐྱ་ཕོ་མོ་༡༠༤ཡིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་བྱས་པའི་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་གསལ་སྟོན་དང་། དེ་བཞིན་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་རང་དབང་སོགས་ཀྱི་ཆེད་དུ་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་གི་དྲང་བདེན་མིན་པའི་ཁྲིམས་ཆོད་ལ་ངོ་རྒོལ་མཚོན་ཆེད་དུ་ཡིན་སྐོར་བརྗོད་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།