རྒྱ་གར་བྱང་ཕྱོགས་བོད་དོན་ཞུ་གཏུག་གི་ལས་འགུལ་མཇུག་བསྡུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༨ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་དོན་ཞུ་གཏུག་གི་ལས་འགུལ་མངའ་སྡེ་ཁག་དགུ་ཡི་ནང་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་༧ཉིན་གྱི་ཕྱི་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ལེགས་པར་མཇུག་བསྡུས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་༢༠༡༢ཟླ་༡༢ཚེས་༣༡ཉིན་ནས་བཟུང་དུས་ཡུན་ཟླ་གཅིག་ཙམ་གྱི་རིང་ལ་སྤྱི་འཐུས་རྣམ་པ་ཁག་གསུམ་དུ་བགོས་ཏེ་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས། སྤྱི་འཐུས་གངས་ལྷ་མོ་ལགས། བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས། སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས། སྤྱི་འཐུས་ཡེ་ཤེས་སྒྲོན་མ་ལགས་བཅས་ཀྱིས། རྒྱ་གར་བྱང་ཕྱོགས་ཁུལ་གྱི་མངའ་སྡེ་ཇམ་མུ་ཀཱ་ཤི་མིར་(J&K) དང་ཧི་མ་ཅཱལ་(HP)། ཨུ་ཊར་ཁན་(UK)། ཡུ་པཱེ་(UP)། ། བྷེ་ཧར་(Bihar)། མ་ཌེ་ཡ་པུར་ཌེ་ཤཱི་(MP)། ཧ་རེ་ཡ་ཎ་(Haryana)སོགས་མངའ་སྡེ་༩ཡི་རྒྱལ་ས་དང་གྲོང་ཁྱེར་ཁག་གི་གནད་དོན་མི་སྣ་མང་པོ་དང་མཇལ་འཕྲད་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་གཏུག་དང་ཁྲོམ་སྐོར། མཆོད་འབུལ་སྨོན་ལམ། གསར་འགོད་གསལ་བསྒྲགས་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཏེ། ཕྱི་ཚེས་༧ཉིན་གྱི་སྔ་དྲོ་ཆུ་ཚོད་༡༢ཙམ་ལ། ལས་འགུལ་ཚོགས་ཆུང་གི་ངོས་ནས་ངྷ་ཤོད་རྒྱ་གར་འཚིག་ཇ་ཁང་(India Coffee house) དུ་རྒྱ་གར་དང་བོད་པའི་གསར་འགོད་པ་སུམ་བཅུ་ལྷག་འདུ་འཛོམས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྐོང་ཚོགས་ཀྱིས། ཟླ་གཅིག་ཙམ་གྱི་བོད་དོན་ཞུ་གཏུག་ལས་འགུལ་གྱི་བརྒྱུད་རིམ་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

ཕྱི་དྲོ་ཆུ་ཚོད་༥དང་ཕྱེད་ཀ་ཙམ་ལ་སྤྱི་འཐུས་རྣམ་པས་དབུ་འཁྲིད་དེ་དྷ་ས་ཁུལ་གྱི་སེར་སྐྱ་མིང་མང་གིས་མེག་གྷན་ཁྲོམ་གཞུང་དུ་མར་མེའི་ཁྲོམ་སྐོར་གནང་རྗེས། དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ལས་འགུལ་མཇུག་སྡོམ་གྱི་མཛད་སྒོ་བསྡུས་སོང་ལ།  སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ནང་ཡུན་རིང་ཕྱག་ལས་གནང་མཁན་སྐུ་ཞབས་མི་རམ་ས་ཀར་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས། བྱང་ཕྱོགས་ལས་འགུལ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་བསྔགས་བརྗོད་དང་བཅས་གསུང་བཤད་གནང་སོང་།

སྐབས་དེར་བྱང་ཕྱོགས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ལས་འགུལ་གྱི་བརྒྱུད་རིམ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས། རང་དབང་ལུང་པར་ཡོད་པའི་བོད་མི་ཡོངས་ལ་འབོད་སྐུལ་གནང་དོན། ང་ཚོ་རང་དབང་ལུང་པ་རུ་ཡོད་པའི་བོད་མི་ཚོའི་གནས་བབ་འདྲ་མིན་ལ་མ་ལྟོས་པར་ལས་རྒྱུ་འབྲས་རྩི་དགོས་ས་གཉིས་ཡོད་པ་རེད། དང་པོ་དེ་གཞིས་ལུས་བོད་མི་ཚོས་ང་ཚོར་རེ་བ་བརྒྱབ་སྟེ། མི་ལོ་༦༠ལྷག་གི་རིང་ལ་རང་སྲོག་བློས་བཏང་ནས་བོད་དོན་འཐབ་རྩོད་བྱེད་བཞིན་ཡོད་པས། རང་དབང་ལུང་པ་རུ་ཡོད་མཁན་ཚོས་ང་ཨ་རིར་སླེབས་སོང་། ང་རྒྱ་གར་ལུང་པ་རུ་སླེབས་སོང་བསམ་ནས་སོ་སོ་སྒེར་གྱི་དོན་དག་འགྲུབ་སོང་ན་འགྲིག་པ་རེད་སྙམ་པ་ཡིན་ན། གཞིས་ལུས་བོད་མི་ཚོར་ལས་རྒྱུ་འབྲས་ཀྱི་ཐོག་ནས་འགྲོ་གི་མ་རེད། གཉིས་པ་དེ་སོ་སོའི་དོན་དག་འགྲུབ་སོང་། སྐྱིད་པོ་འདུག་བསམ་ནས་ལྷོད་ལྷོད་བྱས་ཏེ་བསྡད་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེས་སྐུ་ལས་ཚད་མེད་བསྐྱོན་དང་སྐྱོན་བཞིན་ལ་ལས་རྒྱུ་འབྲས་ཀྱི་ཐོག་ནས་འགྲོ་གི་མེད་པས། ཚང་མས་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་དྲིན་དྲན་པ་དང་། ལྷག་པར་དུ་གཞིས་ལུས་བོད་མི་ཚོའི་རེ་བ་སེམས་ལ་བཞག་ནས་ས་གནས་གང་དུ་ཡོད་ཀྱང་། གང་ཐུབ་ཅི་ཐུབ་ཀྱིས་བོད་དོན་ཐོག་ལ་ཧུར་ཐག་གནང་བཞིན་ཡོད་ལ། མ་འོངས་པར་ཡང་ཚང་མས་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།