བོད་དོན་ངོ་སྤྲོད་དང་ལས་འགུལ་ནང་མཉམ་ཞུགས་ཡོང་ཐབས་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༤ཉིན། ལྡི་ལི་རུ་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་རྒྱ་གར་མཐོ་སློབ་ཁག་གི་སློབ་མ་མཉམ་ཞུགས་ཡོང་བའི་འགན་བཞེས་དང་། གཙུག་ལག་སློབ་གྲྭ་ཁག་སོགས་ནང་བོད་དོན་ངོ་སྤྲོད་གནང་སྟེ་རྒྱ་གར་གྱི་སློབ་ཕྲུག་གང་མང་མཉམ་ཞུགས་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་འདི་གར་གསར་ཁང་དུ་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་བཞིའི་ལས་འགུལ་རིང་གི་ཟླ་ ༡ ཚེས་ ༣༠ དང་ཟླ་ ༢ ཚེས་ ༢ ཉིན་སོ་སོར་རྒྱ་གར་མི་མང་དང་ལྷག་པར་གཞོན་སྐྱེས་གང་མང་མཉམ་ཞུགས་ཡོང་སླད་བོད་དོན་ངོ་སྤྲོད་དང་འབྲེལ་བའི་ལས་དོན་གནང་མཁན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་འགན་ཁུར་འོག སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་བློ་བཟང་ཡེ་ཤེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་དང་རྒྱུན་ལས་དཀོན་མཆོག་ཡར་འཕེལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་དང་དྲུང་ཆེ་ཉི་མ་ལྷ་མོ། སློབ་ཕྲུག་བོད་རང་དབང་ཚོགས་པའི་དབུ་རྒྱན་དང་སཱ་ར། ལྡི་ལི་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་ཚེ་རིང་སྒྲོལ་མ། ལྡི་ལི་རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཐར་ཕྱིན་ལགས་བཅས་ཀྱིས་ ༢༠༡༣ ཟླ་ ༡ ཚེས་ ༢༢ ཉིན་ནས་ལས་དོན་འགོ་འཛུགས་ཀྱིས་ཕྱི་ཟླ་ ༡ ཚེས་ ༣༡ བར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གཞོན་ནུའི་སྡེ་ཚན་དང་སློབ་ཕྲུག་ཚོགས་པ། གཙུག་ལག་སློབ་གཉེར་ཁང་དང་མཐོ་རིམ་སློབ་གཉེར་ཁང་ཁག་གི་སློབ་ཕྲུག་ཚོགས་པ་ཁག་གི་ཚོགས་གཙོ་འགན་འཛིན་སོགས་མཇལ་འཕྲད་ཞུ་རྒྱུའི་ལས་འཆར་གཏན་འབེབས་ཀྱིས་རིམ་བཞིན་རྒྱ་གར་ BJP སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཇ་ནཐ་སིངྒ་ (Rajnath Singh) མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་བ།

གཞན་ཚོགས་པའི་གཞོན་ནུ་སྡེ་ཚན་ (Yuva Morcha) གྱི་ཚོགས་གཙོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་ནུ་རགྷ་སིང་ཐཱ་ཀུར་ (Anurag Singh Thakur) མཆོག་མཇལ་འཕྲད་དང་། གཞུང་འཛིན་ཀོང་རེ་སེ་ (Indian National Congress) ཆབ་སྲིད་ཚོགས་པའི་གཞོན་ནུ་སྡེ་ཚན་ (Indian Youth Congress) གྱི་ཚོགས་གཙོ་སྐུ་ཞབས་ར་ཇིབ་ས་ཏཝ་ (Rajiv Satav) ལགས་དང་། སློབ་ཕྲུག་ཚོགས་པའི་ (NSUI) ཚོགས་གཙོ་སྐུ་ཞབས་ར་ཧི་ཏི་ཅོ་རྡི་རི། (Rohit Chaudhary)  ཚོགས་གཞོན་སྐུ་ཞབས་རོ་ཇི་ཇོ་ཧན་ (Roji John) ལགས་བཅས་མཇལ་འཕྲད་ཞུས་ཏེ། བོད་ནང་གི་ད་ལྟའི་གནས་སྟངས་དང་། བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྐོར་ངོ་སྤྲོད། ཕྱི་ཚེས་ ༢ ཉིན་གྱི་ལས་འགུལ་ནང་ཁོང་རྣམ་པས་དབུས་ཚོགས་པའི་གཞོན་ནུ་དང་སློབ་ཕྲུག་སྡེ་ཚན་སོ་སོའི་ཚོགས་མི་གང་མང་མཉམ་ཞུགས་ཡོང་བའི་རེ་སྐུལ་ཞུས་དོན་ལྟར་ཞལ་བཞེས་གང་ལེགས་ཐོབ།

ཇན་ཏ་རྡལ་ (Janta Dal United) ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨ་རུན་ཀུ་མར་ཤྲི་རི་ཝ་ས་ཏ་ཝ་ (Arun Kumar Shrivastava) ལགས་མཇལ་འཕྲད་ཞུས་ཏེ། གོང་བཞིན་བོད་ནང་གི་ད་ལྟའི་གནས་སྟངས་དང་། ལས་འགུལ་ནང་མཉམ་ཞུགས་ཡོང་ཐབས་ཞུས་དོན་ལྟར་ཁོང་ནས་གཞོན་ནུ་སྡེ་ཚན་གྱི་ཚོགས་གཙོར་གསུང་རྒྱུའི་ཞལ་བཞེས་གནང་བ་དང་། གཞོན་ནུ་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་ཤ་ལེན་རྡ་ར་ཡ་རྡབ་ (Shalendra Yadav) ལགས་རྗེས་སུ་མཇལ་འཕྲད་ཞུ་རྒྱུའི་དུས་ཚོད་བཟོས།

དམར་ཤོག་ཆབ་སྲིད་ཚོགས་པ་ (CPI)  (CPI (M) ཁག་གཉིས་ཀྱི་འབྲེལ་ཡོད་དབུ་ཁྲིད་རྣམས་མཇལ་འཕྲད་དང་ཁོང་རྣམ་པར་གོང་བཞིན་ངོ་སྤྲོད་དང་རེ་སྐུལ་ཞུས། གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ་ཁག་ཏུ་འགྲེམས་སྤེལ་ཞུ་རྒྱུའི་གྱང་སྦྱར་དང་བཀྲམས་ཡིག་ཨིན་ཧིན་སྐད་ཡིག་གཉིས་ཐོག་གཏན་འབེབས་བྱས། བོད་ཁྱིམ་སློབ་ཕྲུག་སྡོད་ཁང་དུ་ཚོགས་མི་ཚང་མ་ཆེད་བཅར་གྱིས་བོད་པའི་སློབ་མ་ཉིས་བརྒྱ་སྐོར་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་བཀའ་སྤྱིའི་ལས་འགུལ་སྐོར་ངོ་སྤྲོད། བོད་མིའི་སློབ་ཕྲུག་ཆ་ཚང་བོད་དོན་ལས་འགུལ་ནང་མཉམ་ཞུགས་དང་། ལྷག་པར་ཕྱི་ཚེས་ ༢ ཉིན་གྱི་ལས་འགུལ་ནང་བོད་མིའི་སློབ་མ་སོ་སོས་རྒྱ་གར་དང་ཕྱི་རྒྱལ་གྱི་སློབ་གྲོགས་གང་མང་མཉམ་ཁྲིད་ཡོང་རྒྱུའི་ཐབས་ཤེས་བྱ་དགོས་སྐོར་སོགས་ཀྱི་གཏམ་བཤད་བྱས།

ཇེ་ཨན་ཡུ་ (JNU) གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་དང་། སློབ་ཕྲུག་ཚོགས་པའི་འགན་འཛིན། ཕྱི་རྒྱལ་སློབ་ཕྲུག་ཚོགས་པའི་འཐུས་མི་བཅས་མཇལ་འཕྲད་ཞུས་ཏེ། གོང་བཞིན་བོད་དོན་ངོ་སྤྲོད་སོགས་གྲུབ་མཚམས་བོད་པའི་སློབ་མ་ཁག་ཅིག་ལ་བོད་དོན་སྤྱི་དང་ལས་འགུལ་ནང་རང་ཉིད་ཙམ་མ་ཟད། སློབ་མ་གཞན་གང་མང་མཉམ་ཁྲིད་དགོས་པའི་གཏམ་བཤད་སོགས་བྱས།

རཤ་ཏྲི་རི་ཡ་ཇན་རྡ་རྡལ་ (Rashtriya Janta Dal) དང་། ལོག་ཇན་ཤགྷ་ཏི་ (Lokjan Shakti) ཆབ་སྲིད་ཚོགས་པ་སོ་སོའི་ལས་ཁུངས་སུ་བཅར་ཏེ། འབྲེལ་ཡོད་ཁག་ཅིག་ལ་གོང་བཞིན་བོད་དོན་དང་ལས་འགུལ་སོགས་ངོ་སྤྲོད། ལས་འགུལ་ནང་མཉམ་ཞུགས་ཡོང་བའི་རེ་འདུན་བཏོན་ཞིང་། ཚོགས་པ་གཉིས་ཀྱི་གཞོན་ནུའི་སྡེ་ཚན་གྱི་འགོ་ཁྲིད་རྗེས་སུ་མཇལ་འཕྲད་ཞུ་རྒྱུའི་དུས་ཚོད་ཞུས།

ཇ་མི་ཡ་མི་ལ་ཡི་ཨིས་ལམ་མི་ཡ་ (Jamia Milia Islamia) གཙུག་ལག་སློབ་གཉེར་ཁང་གི་ཕྱི་རྒྱལ་སློབ་ཕྲུག་དང་གསར་འགོད་སྡེ་ཚན་སོ་སོའི་འབྲེལ་ཡོད་མཇལ་འཕྲད་ཞུས། གཙུག་ལག་སློབ་ཁང་གི་སློབ་ཕྲུག་སྡེ་ཚན་གྱི་ཚོགས་གཙོ་ལྕམ་སྐུ་ར་ཝི་ཤ་ (Ravisha) ལགས་མཇལ་འཕྲད་ཞུས་ཏེ་བོད་དོན་ལས་འགུལ་སྐོར་ངོ་སྤྲོད་ཞུས་པར་ཁོ་མོས་ལས་འགུལ་ནང་སློབ་མ་གང་མང་མཉམ་ཞུགས་ཡོང་རྒྱུར་དྲིལ་བསྒྲགས་སོགས་གནང་རྒྱུའི་ཞལ་བཞེས་གནང།

ཨོ་སྤོ་ལོ་ (Apolo) སྨན་ཞབས་པའི་མཐོ་སློབ་ཀྱི་སློབ་སྤྱི་ལྕམ་སྐུ་སུ་ཇ་ཐ་ཨ་ཏ་རི་ (Sujatha Atri) ལགས་མཇལ་འཕྲད་ཀྱིས་སྨན་ཞབས་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་མ་བརྒྱ་ལྷག་ཙམ་ཞིག་ལ་བོད་དོན་སྤྱི་དང་བཀའ་སྤྱིའི་ལས་འགུལ་སྐོར་ངོ་སྤྲོད་དང་ལས་འགུལ་ནང་བོད་པའི་སློབ་མ་ཙམ་མ་ཟད། རྒྱ་གར་སློབ་མ་གང་མང་མཉམ་ཁྲིད་དགོས་པའི་གཏམ་བཤད་བྱས།

ཇ་མི་ཡ་ཧམ་རྡར་ཐ་ (Jamia Hamdard) གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་དགེ་ལས་དང་། དེར་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་མ་ཉི་ཤུ་ལྷག་ཙམ་ལ་གོང་བཞིན་གསལ་བཤད་དང་བཀའ་སྤྱིའི་ལས་འགུལ་ནང་བོད་མི་ཙམ་མ་ཟད། རྒྱ་གར་དང་ཕྱི་རྒྱལ་སློབ་མ་གང་མང་མཉམ་ཁྲིད་དགོས་པའི་གཏམ་བཤད་བྱས། ལོཀ་ཇན་ཤགྷ་ཏི་ཆབ་སྲིད་ཚོགས་པའི་གཞོན་ནུ་སྡེ་ཚན་ (Yuva Lok Janshakti) གྱི་ཚོགས་གཙོ་སྐུ་ཞབས་སན་ཇེ་ས་རཕཱ་ (Sanjay Saraf) ལགས་སུ་མཇལ་འཕྲད་ཞུས་ཏེ། གོང་བཞིན་གསལ་བཤད་སོགས་ཞུས།

ལྡི་ལི་རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་བརྒྱུད་ཨིན་ཧིན་གཉིས་ནང་ཡོད་པའི་བོད་དོན་ངོ་སྤྲོད་དང་ཕྱི་ཚེས་ ༢ ཀྱི་ལས་འགུལ་ནང་མཉམ་ཞུགས་ཡོང་བའི་གྱང་སྦྱར་དང་བཀྲམས་ཡིག་སོགས་བོད་པའི་སློབ་མ་ཡོངས་ནས་རང་རང་སོ་སོའི་མཐོ་སློབ་ནང་རྒྱ་གང་ཆེ་འགྲེམས་སྤེལ་བྱས། དེ་བཞིན་བོད་རང་དབང་སློབ་ཕྲུག་ཚོགས་པའི་བརྒྱུད་ (JNU) གཙུག་ལག་སློབ་ཁང་ནང་གོང་བཞིན་ཡིག་ཆ་གང་མང་འགྲེམས་སྤེལ་ཞུས་ཡོད།

གཞན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ (Delhi University) དང་། ཨམ་བྷེད་ཀར་གཙུག་ལག་སློབ་གཉེར་ཁང་། (Ambedkar University)  ཨ་ཡི་སྤི་གཙུག་ལག་སློབ་གཉེར་ཁང་བཅས་ (Indraprasath University) སོ་སོའི་འབྲེལ་ཡོད་དགེ་ལས་དང་། སློབ་ཕྲུག་ཚོགས་པའི་འགན་འཛིན་ཁག་ཅིག་དང་མཇལ་འཕྲད་ཞུས་སྟེ། བོད་དོན་སྤྱི་དང་བཀའ་སྤྱིའི་ལས་འགུལ་སྐོར་ངོ་སྤྲོད། ཕྱི་ཚེས་ ༢ ཉིན་སློབ་མ་གང་མང་མཉམ་ཞུགས་ཡོང་བའི་རེ་འདུན་ཞུས།

ཪཤ་ཊིརི་ཡ་ཇན་ཏ་རྡལ་ (Rashtriya Janta Dal) ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལ་ལུ་སྤ་ར་སཐ་(Lalu Prasad) མཆོག་དང་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཀ་མར་ཨ་ལམ་མཆོག་ (Qamar Alam) རྣམ་གཉིས་དབུས་མི་སྣ་ཁག་གཅིག་མཇལ་འཕྲད་ཞུས་ཏེ་བོད་དོན་སྙན་གསེང་སོགས་གོང་བཞིན་ཞུས། ད་དུང་ལྷོ་ལྡི་ལི་ཁུལ་གྱི་མཐོ་སློབ་ཁག་གཉིས་སུ་ཆེད་བཅར་དང་འབྲེལ་མཐོ་སློབ་ཀྱི་སློབ་མའི་ཚོགས་པ་ཁག་གི་དབུ་འཁྲིད་དང་མཇལ་འཕྲད་ཞུས།

ས་མ་ཇ་ཝ་ཏི་ (Samajwati) ཆབ་སྲིད་ཚོགས་པའི་ལས་ཁུངས་སུ་ཆེད་བཅར་ཞུས། (JNU) གཙུག་ལག་སློབ་ཁང་གི་བོད་པའི་སློབ་མ་ཁག་ཅིག་གི་གོ་སྒྲིག་འོག་སློབ་མ་བརྒྱ་སྐོར་ཞིག་ལ་སྤྱིར་བོད་ནང་གི་གནས་སྟངས་སྤྱི་དང་། ཡང་སྒོས་བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ། ད་ལན་གྱི་ལས་འགུལ་སྐོར་ངོ་སྤྲོད། སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་སོགས་ཞུས། ཕྱི་ཚེས་ ༣༡ ཉིན་སླར་ཡང་ཀོང་རེ་སེ་ཆབ་སྲིད་ཚོགས་པའི་གཞོན་ནུའི་སྡེ་ཚན་དང་། སློབ་ཕྲུག་སྡེ་ཚན་སོ་སོའི་ལས་ཁུངས་སུ་སླར་ཡང་ངོ་བཅར་གྱིས་བོད་མིའི་ལས་འགུལ་ནང་སྐུ་ཚབ་གཏོང་གནང་ཡོང་བའི་རེ་འདུན་ཞུས།

དེ་བཞིན་སྦི་ཇེ་སྤི་ (BJP) ཆབ་སྲིད་ཚོགས་པའི་ལས་ཁུངས་སུ་ངོ་བཅར་དང་འབྲེལ་ཚོགས་པའི་གྲོས་ཚོགས་གོང་མའི་དབུ་ཁྲིད་གཞོན་པ་དང་། མགྲིན་ཚབ་པ་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཝི་ཤང་ཀར་སྤ་ར་སཐ་(Ravi Shankar Prasad) མཆོག་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་དང་བོད་མིའི་ལས་འགུལ་ནང་ལྷན་ཞུགས་ཡོང་བའི་རེ་འདུན་ཞུས་པར། བོད་མིའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་མ་ཟད། ཕྱི་ཚེས་ ༢ ཉིན་ལས་འགུལ་ནང་དངོས་སུ་ཕེབས་རྒྱུའི་ཞལ་བཞེས་ཐོབ།

སླར་ཡང་སྦི་ཇེ་སྤི་ (BJP) ཆབ་སྲིད་ཚོགས་པའི་གཞོན་ནུ་སྡེ་ཚན་ (Yuva Morcha) གྱི་ཚོགས་གཙོ་ཨ་ནུ་རགྷ་སིང་ཐཱ་ཀུར་ (Anurag Singh Thakur) མཆོག་ལ་ངོ་བཅར་སོགས་ཞུས། ལོག་ཇན་ཤག་སྟི་ (Lok Janshakti) ཆབ་སྲིད་ཚོགས་པའི་ལས་ཁུངས་སུ་ངོ་བཅར་གྱིས་འབྲེལ་ཡོད་གཞོན་ནུའི་དབུ་འཁྲིད་མཇལ་འཕྲད་ཞུས་པར། ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Ram Vilas Paswan) མཆོག་དང་། ཚོགས་པའི་གཞོན་ནུའི་སྡེ་ཚན་གྱི་དབུ་ཁྲིད་བཅས་ཕྱི་ཚེས་ ༢ ཉིན་ལས་འགུལ་ནང་ཕེབས་རྒྱུའི་ཞལ་བཞེས་གནང།

དེ་བཞིན་དགོང་དྲོ་ཀོང་རེ་སེ་ཆབ་སྲིད་ཚོགས་པའི་གཞོན་ནུའི་སྡེ་ཚན་ (Indian Youth Congress) གྱི་ཚོགས་གཙོ་སྐུ་ཞབས་ར་ཇིབ་ས་ཏབ་ (Rajeev Satav) ལགས་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་ཞུས་པར་ཕྱི་ཚེས་ ༢ ཉིན་ཚོགས་པའི་སྐུ་ཚབ་ངོ་བོར་ཚོགས་པའི་སློབ་ཕྲུག་སྡེ་ཚན་གྱི་རྒྱུན་ལས་སྐུ་ཞབས་ཨ་རུན་ཧུ་ཊ་དང་། སི་ར་ཇ་ (Arun Hooda and Siraj) གཉིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཆེད་གཏོང་གནང་རྒྱུའི་ཞལ་བཞེས་ཐོབ།

མདོར་ན། ཚོགས་ཆུང་ནས་གོང་གསལ་མཇལ་འཕྲད་ཞུས་པའི་གྲོས་ཚོགས་འཐུས་མི་དང་། གཞོན་ནུ་སྡེ་ཚན། སློབ་ཕྲུག་ཚོགས་པའི་འགན་འཛིན་གང་མང་ཕྱི་ཚེས་ ༢ ཀྱི་ལས་འགུལ་ནང་དངོས་སུ་མཉམ་བཞུགས་གནང་ཐུབ་པ་བྱུང་ཡོད་པ་མ་ཟད། རྒྱ་གར་སློབ་ཕྲུག་ཉིས་བརྒྱ་སྐོར་ལས་འགུལ་ནང་དངོས་སུ་མཉམ་ཞུགས་གནང་སྟེ། བོད་དོན་ལ་དངོས་སུ་གདུང་སེམས་མཉམ་སྐྱེད་གནང་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།