དགོངས་ཚུལ།

བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཉིན་གཉིས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༡ཉིན། ཁ་སང་ཕྱི་ཚེས་༣༡ཉིན་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཉིན་གཉིས་པར། ཆོས་ལུགས་འདྲ་མིན་གྱི་སྨོན་ལམ་གསུང་འདོན་དང་། ཞི་བའི་གོམ་བགྲོད། ཆོས་ལུགས་དབུ་ཁྲིད་ཀྱི་གསུང་བཤད་བཅས་གནང་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མེས་པོ་དམ་པ་གྷན་དྷི་སྐུ་ཕུང་བཞུགས་ཡུལ་རཇ་གྷར་ Raj Ghat དུ་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། རྒྱ་གར་དང་ཤྲི་ལང་ཀའི་ནང་པ། ཡེ་ཤུ། ཁ་ཆེ། གཅེར་བུ་བ། ཧིན་དྷུ། སིཀ། བྷ་ཧེ། ཇེའུ་བཅས་ཀྱི་ཆོས་དཔོན་རྣམ་པ་དང་བོད་པའི་དགེ་འདུན་པ་ ༧༠༠ ལྷག་ལྷན་བཞུགས་ཀྱིས་སྤྱིར་འཛམ་གླིང་ཞི་བདེ་དང་། བྱེ་བྲག་ཏུ་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ཆེད་རང་རང་གི་ལུགས་བཞིན་སྨོན་ལམ་གསུང་འདོན་གནང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་བཀའ་བློན་དང་སྤྱི་འཐུས་རྣམ་པས་སྣེ་ཁྲིད་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་མང་ ༧༠༠༠ ལྷག་གིས་འཕྲེད་དར་དང་འབོད་ཚིག་སྣ་ཚོགས་བསྣམས་ཏེ་རཇ་གྷར་གྱི་ཉེ་འགྲམ་སམ་ཏ་སི་ཊལ་ Samta Sthal ནས་ཇན་ཏར་མན་ཏར་ Jantar Mantar བར་ཞི་བའི་གྲོམ་བགྲོད་གནང། མི་མང་རྣམས་ཇན་ཏར་མན་ཏར་དུ་འབྱོར་མཚམས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཛད་རིམ་སྙན་སྒྲོན་དང་བཅས། བོད་མི་མང་སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཉིན་བཞིའི་རིང་གི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དགོས་དོན། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས། རྒྱ་གར་གཞུང་མང་གཉིས་དང་ཆོས་སྲིད་ཀྱི་དབུ་ཁྲིད་རྣམ་པ་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་དང་གནང་འཆར་ཇི་ཡོད་སྐོར་སོགས་ངོ་སྤྲོད་གནང་།

སིཀ་ཆོས་ལུགས་ཀྱི་སློབ་དཔོན་ Shri Sanjay Singh-Delhi Sikh Gurudwara Committee མཆོག་དང་། ཤྲི་ལང་ཀའི་ནང་པའི་སློབ་དཔོན་ Bante Sumit Anand – Mahabhodhi Society of India མཆོག སུ་ཕི་སུམ་ Sufism གྱི་ཆོས་དཔོན་ Farid Ahmed Nizami – Nizzami – Dargah Nizamuddin མཆོག ཡེ་ཤུའི་སློབ་དཔོན་ Father Dominic-Sacred Heart Cathedral,མཆོག  ཧཇ་ཆོས་ལུགས་ཀྱི་མི་སྣ་ Tanveer Ahmed Sehar – ex chairman of Central Haj Committee, India, མཆོག  བྷི་ཇེ་བྷི་ཡི་དཔོན་རིགས་ Girish Juyal-Muslim Rashtryamanch and founder of Anjuman Parjandani Hind, མཆོག་དང་ Monana Soeb Kasmi-National President of Jamiad Ulema Hind. བཅས་ནས་སྤྱིར་འཛམ་གླིང་ཞི་བདེ་ཡོང་ཐབས་དང་། བྱེ་བྲག་ཏུ་བོད་མིར་སྐྱིད་པའི་ཉི་མ་འཆར་ཐབས་བཅས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་དང་གསོལ་འདེབས་སྨོན་ལམ་གསུང་གི་ཡོད་སྐོར་སོགས་གསུང་ཏེ་ལས་འགུལ་ལ་ཚད་མཐོའི་རྒྱབ་སྐྱོར་གནང་ཡོད་པ་རེད། ལས་འགུལ་དུ་ཞུགས་པའི་མི་མང་རྣམས་ཀྱིས་སྐབས་བསྟུན་སྐད་འབོད་དང་ཕྱི་དྲོ་ཆུ་ཚོད་ ༤།༠༠ པའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་བདེན་ཚིག་སྨོན་ལམ་རྟ་དབྱངས་དང་བཅས་པའི་སྣེ་ཁྲིད་དེ་འུར་འདོན་གནང་རྗེས་ཉིན་གཉིས་པའི་མཛད་སྒོ་གྲུབ་ཡོད་པ་རེད།

ཡང་དེ་ཉིན་ཕྱི་དྲོ་ ༣།༠༠ ནས་ ༥།༠༠ བར་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་རི་ཏུ་ས་རན་གཉིས་ཀྱི་མཐུན་འགྱུར་གོ་སྒྲིག་འོག་ལྡི་ལིའི་ཇམ་མུ་ཡམ་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་དང་འབྲེལ་བའི་གློག་བརྙན་དབྱངས་ལ་ཐིམ་པའི་བོད་ཅེས་པ་གཟིགས་འབུལ་སྐབས་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།