དགོངས་ཚུལ།

ཇར་མན་གཞུང་གིས་བོད་དོན་གླེང་སློང་དགོས་པའི་རེ་སྐུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༣༡ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་བར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༧ བར་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་སྐབས། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་སེར་སྐྱ་ཕོ་མོ་༩༩  བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་ལུས་མེར་སྲེག་གཏོང་རྒྱུ་དེ་ཆ་རྐྱེན་གང་གི་ཐོག་ནས་མཚམས་འཇོག་ཡོང་ཐབས་སྐོར་ལ་གྲོས་བསྡུར་དང་། འཇར་མན་གཞུང་གིས་བོད་ནང་ཛ་དྲག་གི་གནས་སྟངས་གླེང་སློང་དགོས་པའི་དགོས་འདུན་བཏོན་ཡོད་འདུག

ཚོགས་འདུ་མཇུག་སྒྲིལ་ཟིན་མཚམས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་རང་ལུས་མེར་སྲེག་སྐོར་ལ་གསར་འགྱུར་བརྒྱུད་ལམ་ཁག་གཅིག་ལ་གསུང་དོན། སྤྱིར་བཏང་ང་ཚོའི་ལངས་ཕྱོགས་འདི་ཡིན་ཞེས་བརྗོད་རྒྱུ་ཁག་པོ་འདུག ང་ཚོས་གནད་དོན་འདིའི་སྐོར་ལ་གོ་བསྡུར་རྒྱུན་རིང་བྱས་པ་ཡིན། འོན་ཀྱང་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་མི་མང་དག་ཅིག་གིས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་ང་ཚོས་ཧ་ཅང་སེམས་འཚབ་ཡོང་གི་འདུག

བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་དངོས་གསལ་དོད་པོ་ཞིག་ཡོང་ཐབས་སུ་ང་ཚོས་འབད་བརྩོན་བྱ་རྒྱུ་ཡིན། གང་ལ་ཞེ་ན།  རང་ལུས་མེར་སྲེག་གཏོང་བཞིན་པའི་ལས་འགུལ་དེ་མཚམས་འཇོག་ཡོང་རྒྱུར་ཐབས་ལམ་དེ་མ་གཏོགས་མི་འདུག་བསམས་ཀྱི་ཡོད། བོད་མི་ཚོར་འཚེ་མེད་ཞི་བའི་སྒོ་ནས་ངོ་རྒོལ་བྱ་རྒྱུའི་ཐོབ་ཐང་ཡོད་པ་དེ་ང་ཚོས་ཁས་ལེན་བྱེད་བཞིན་ཡོད་པ་མ་ཟད། དེ་ནི་ང་ཚོའི་གཞི་རྩའི་ལངས་ཕྱོགས་ཤིག་ཀྱང་ཡིན། གཞན་ལ་གནོད་འཚེ་བྱེད་རིགས་ལ་ང་ཚོས་དགག་པ་རྒྱག་གི་ཡོད། འོན་ཀྱང་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པ་དེ་གཞན་ལ་འཚེ་བ་བྱས་པ་ཞིག་ཆགས་ཀྱི་མེད།

ད་ལྟ་སྐབས་སུ་བབས་པའི་ལས་འགུལ་དེ་འདྲ་ང་ཚོས་གཏན་འབེབས་བྱེད་ཐུབ་ཀྱི་མ་རེད། གང་ལ་ཞེ་ན་བོད་ནང་གི་བོད་མི་ཚོའི་དངོས་ཡོད་ཀྱི་དཀའ་ངལ་རྣམས་ཞིབ་ཕྲ་ང་ཚོས་ཤེས་རྟོགས་དཀའ་བར་བརྟེན། ཁོང་རྣམ་པས་ཐག་གཅོད་གང་གནང་བར་ང་ཚོས་བརྩི་བཀུར་ཞུ་བཞིན་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་གི་ཡོད་མེད་དེ་ངོས་འཛིན་གསལ་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

བོད་ནང་གི་བོད་མིའི་གནས་སྟངས་བཟང་ཕྱོགས་སུ་འགྲོ་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས། ཞེས་ང་ཚོས་ཇར་མན་གཞུང་གིས་གཙོས་རྒྱལ་སྤྱིའི་ཐོག་ལ་དགོས་འདུན་གསལ་པོ་འདོན་བཞིན་ཡོད། ཅེས་གསུངས་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།