བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འགོ་འཛུགས་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༣༡ཉིན། བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་ཟླ་འདིའི་ཕྱི་ཚེས་༣༠རེས་གཟའ་ལྷག་པ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་༼བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་༽འགོ་འཛུགས་བྱས་ཡོད་པ་དང་། ལས་འགུལ་ནང་ཁྱོན་མི་གྲངས་༥༠༠༠ཙམ་མཉམ་ཞུགས་བྱས་ཡོད་པ་རེད།

ལས་འགུལ་མཛད་སྒོ་དེ་ཉིད་རྒྱལ་ས་ལྡི་ལི་གསར་པའི་ Talktora Stadium ཊལ་ཀཱ་ཊོ་རཱ་རྩེད་རའི་ནང་ཚོགས་ཡོད་ཅིང་། ལས་འགུལ་འགོ་འཛུགས་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོར་དེ་སྔོན་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་དང་། BJPབྷེ་རྗེ་ཕེའི་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣ་སྐུ་ཞབས་ Shri L. K Advani ཤྲི་ཨེལ་ཁེ་ཨ་ཌེ་ཝན་ནེ་མཆོག་དང་། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མིའི་འཐུས་མི་ Shri, Priya Dutt ཤྲི་ཕེར་ཡཱ་ཌུ་ཊི་མཆོག ཀོང་རི་སིའི་ཆབ་སྲིད་ཚོགས་པའི་སྐུ་ཚབ་  Dr. E.M Sudarsan Natchiappan མཁས་དབང་ཤུ་དྷར་སན་མཆོག གྲོས་ཚོགས་འཐུས་མི་ Shri Hassan Khan ཤྲི་ཧཱ་སན་ཁན་མཆོག་བཅས་གདན་འདྲེན་ཞུས་ཡོད།

དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀྱིས་གཙོས་བོད་མི་མང་སྤྱི་འཐུས་རྣམ་པ། རྒྱ་བར་འབྲུག་གསུམ་ནས་ཕེབས་པའི་བཙན་བྱོལ་བོད་མི་༤༥༠༠ཙམ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་༡༠༠༠ལྷག་ཙམ་བཅས་ཁྱོན་མི་གྲངས་༥༠༠༠ལྷག་ཙམ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་རེད།

མཛད་སྒོ་ཐོག་མར་རྒྱལ་ཁབ་མི་འདྲ་བ་ཁག་༦ནས་ཕེབས་པའི་ནང་པའི་དགེ་འདུན་པ་རྣམས་ཀྱིས་བསྔོ་སྨོན་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྣེ་འཁྲིད་འོག རྒྱ་གར་དང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཅས་རིམ་པར་བཏང་བ་མ་ཟད། བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་ཆེད་ངག་བཅད་མྱ་ངན་བཅས་རིམ་པར་ཞུས།

ལས་འགུལ་མཛད་སྒོའི་འགན་འཁུར་བ་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། མཛད་སྒོའི་ལས་རིམ་སྒྲོག་སྦྱངས་གནང་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་དོན།

ད་ལན་བཀའ་སྤྱི་གཉིས་ཐུན་མོང་དང་། དམིགས་བསལ་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་མི་མང་ལྷན་མཉམ་ཞུགས་ཀྱིས་ལས་འགུལ་སྤེལ་བ་ཐོག་མ་ཡིན་པ་དང་། ད་ལན་གྱི་ལས་འགུལ་རིང་རྒྱ་བལ་འབྲུག་གསུམ་སོགས་ཕྱོགས་མཐའ་ཁག་ནས་བོད་པའི་མི་མང་ ༤༥༠༠ ལྷག་དང་བླངས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད། དེའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༥༠༠ ལྷག་མཉམ་ཞུགས་གནང་ཡོད། ད་ལྟ་བར་བོད་ནང་བོད་མི་ ༩༩ གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་གཞུང་ནས་མི་ལོ་ ༦༠ ལྷག་རིང་དྲག་གནོན་གྱི་སྲིད་བྱུས་འོག་གཞིས་བཞུགས་བོད་མི་རྣམས་ལ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད།

རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ནང་མི་གཉེན་འབྲེལ་ལྟོས་བཅས་ལ་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། རྒྱ་གཞུང་ནས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་ངོ་མ་རྩད་གཅོད་མེད་པར་ངན་ཁག་ཏཱ་ལའི་རུ་ཚོགས་ཟེར་བ་སོགས་ལ་འགེལ་བཞིན་ཡོད་པ་རེད། རྒྱ་དམར་ཆོས་མེད་རིང་ལུགས་པས་བོད་ཀྱི་དགོན་སྡེ་ཁག་ནང་མའོ་དང་། ཏིང་། ཅང་། ཧུའུ་སོགས་ཀྱི་པར་ལྷ་སྐུ་རྟེན་གསུམ་སོགས་མཉམ་སྒྲིག་གཤོམ་བྱེད་བཅུག་པ་སོགས་ཐལ་ཆེ་བའི་སྲིད་བྱུས་ཞིག་བོད་ནང་ལག་བསྟར་བྱེད་བཞིན་ཡོད། མཐའ་དོན་འཛམ་གླིང་འདིའི་ནང་ང་ཚོ་ལ་རྒྱ་གར་ལས་བཀའ་དྲིན་ཆེ་བ་མེད་པ་དང་། དེ་རིང་གི་སྐུ་མགྲོན་གཙོ་བོ་སོགས་རྒྱ་གར་གྱི་གལ་ཆེའི་མི་སྣ་མང་པོ་ཕེབས་པ་རྣམས་ཀྱིས་རྒྱ་གར་གཞུང་གི་སྲིད་བྱུས་དང་མཐུན་པའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་ཡོད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ལྟ་བོད་ཀྱི་གནས་སྟངས་གཉན་འཕྲང་ཆེ་བའི་སྐབས་འདིར་རྒྱ་གར་གྱི་གལ་ཆེའི་སྐུ་མགྲོན་རྣམས་ཕེབས་གནང་བར་ང་ཚོ་སེམས་ཤུགས་ཆེ་རུ་ཕྱིན་སོང་། རང་ལུས་མེར་སྲེག་གཏོང་མཁན་ཕལ་ཆེ་བ་འདས་གྲོངས་སུ་ཕྱིན་ཡོད་པ་དེས་རྒྱ་གཞུང་གི་དབང་འོག་ཏུ་བསྡད་པ་ལས་ཤི་ན་དགའ་བ་ཞིག་མཐོང་གིན་ཡོད། གཞིས་བཞུགས་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་པ། ཁོང་རྣམས་ཀྱི་མངོན་འདོད་ལ་ང་ཚོས་རྒྱབ་སྐྱོར་འགན་ལེན་བྱེད་དགོས། བོད་ནང་གཞིས་བཞུགས་བོད་མི་རྣམས་ལ་རྒྱ་གཞུང་གིས་འདི་འདྲའི་ལས་འགུལ་སྤེལ་རྒྱུའི་གོ་སྐབས་ནམ་ཡང་སྤྲད་ཀྱི་མེད་ཀྱང་། རྒྱ་གར་འདི་བཞིན་མང་གཙོ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཡང་དག་པ་ཞིག་ཡིན་པས་ང་ཚོར་རྒྱལ་ས་ལྡི་ལིར་ལས་འགུལ་སྤེལ་རྒྱུའི་གོ་སྐབས་བྱུང་བ་དང་བཀའ་འཁྲོལ་བསྩལ་བ་སོགས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

དེ་རིང་འདིར་ཕེབས་པའི་རྒྱ་གར་གྱི་དཔོན་རིགས་དང། མི་མང་རྣམས་གྷན་དྷི་སོགས་ཀྱི་རྒྱུན་མཐུན་པའི་སྐུ་ཚབ་མཚོན་གྱི་ཡོད་པར་ངོས་འཛིན་ཞུ་རྒྱུ་དང་། གཞན་ཡང་མཁས་དབང་ཌོག་ཊར་ར་ཇན་དྷ་པྲསཊ་(Dr Rajendra Prasad)ལགས་ནས་བོད་མིའི་སེམས་ཤུགས་མ་ཤི་ན་བོད་ཀྱི་གནད་དོན་མི་ཤི་སྐད་གསུང་པ་ལྟར་ང་ཚོ་ཡང་སེམས་ཤུགས་ཆགས་མེད་པ་དང་། རྒྱ་གར་གྱིས་བོད་ལ་རྒྱབ་སྐྱོར་དགོས་དོན། བོད་ཀྱི་ཁོར་ཡུག་ཇི་ལྟར་གལ་ཆེ་ཡིན་པ། རྒྱ་གར་དང་བོད་གཉིས་ཀྱི་བླ་སློབ་འབྲེལ་བའི་སྐོར། བོད་དོན་བདེན་མཐའ་གསལ་ཐབས་ཆེད་འཚེ་མེད་ཞི་བ་དང་མང་གཙོའི་ལམ་ནས་འགན་མུ་མཐུད་ཁུར་འཆར་ཡོད་སྐོར། ད་ལྟ་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆིག་སྒྲིལ་དང་སྙིང་སྟོབས་སོགས་ལ་བརྟེན་དུས་རབས་ཉེར་གཅིག་ནང་བོད་མིར་སྐྱིད་པའི་ཉི་མ་ཤིག་འཆར་ཐུབ་པའི་རེ་བ་ཡོད་པ་བཞིན་ང་ཚོའི་མངོན་འདོད་དང་། རེ་བ་སོགས་འགྲུབ་ཆེད་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་གནང་རོགས་ཞེས་སོགས་ གསུངས་ཡོད།

སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་དང་ནང་སྲིད་བློན་ཆེན་ཟུར་པ། བྷི་ཇེ་པི་ (BJP) ཆབ་སྲིད་ཚོགས་པའི་དཔོན་རིགས་རྒན་གྲས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཨ་ཌཱ་ཝ་ནི་ (Shri. L.K. Advani) མཆོག་གིས་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱིས་གསུང་བཤད་ཡག་པོ་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་བསྟན་པའི་རྒྱ་གར་ཐུགས་རྗེ་ཆེ་ཞེས་པའི་བརྙན་འཁོར་དེའི་རྒྱུད་ ༡༩༥༩ ནས་ད་བར་བོད་མི་ཚོས་རྒྱ་གར་ལ་བཟུང་པའི་འདུ་ཤེས་རྟོགས་ཐུབ་པ་དང་། འདིར་རྒྱ་གར་བ་མང་པོ་མེད་ཀྱང་ངས་ཚབ་མཚོན་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གྷན་དྷི་མཆོག་སྐུ་བཀྲོངས་པའི་རྗེས་དྲན་གྱི་ཉིན་མོ་དང་འབྲེལ་ལས་འགུལ་སྤེལ་བ་འདི་ཡག་པོ་བྱུང་འདུག

ང་འདིར་བསྡད་ནས་དུས་ཚོད་གང་འཚམས་རིང་ཁྱེད་རང་ཚོའི་གདོང་པ་མཐོང་སྐབས་སོ་སོའི་རྩ་དོན་ལ་ཡིད་ཆེས་དང་སེམས་ཤུགས་ཆེན་པོ་ཡོད་པ་གསལ་པོ་མཐོང་གི་འདུག རྒྱ་གར་རང་བཙན་འཐབ་རྩོད་སྐབས་ང་རང་སློབ་ཕྲུག་ཡིན་ཀྱང་སྙིང་ནས་རང་བཙན་བསམ་མྱོང་ཡོད། དེ་བཞིན་བོད་མི་ཚོ་ལ་རེ་བ་ཡོད་རེད། བོད་དོན་འཐབ་རྩོད་ཀྱི་རེ་བ་ཞུ་ཡུལ་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དང་། ཁོང་ཐེངས་མང་པོ་མཇལ་མྱོང་བས་ཁོང་མི་ཕལ་པ་ཞིག་མ་རེད། དེ་བཞིན་ཁོང་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་བ་དང་། ཐུགས་བརྩེ་བ་ཆེན་པོས་བོད་དོན་འགན་ཁུར་གནང་བ་རེད།

སྔོན་མ་རྒྱ་གར་གྱི་ནང་སྲིད་བློན་ཆེན་སར་ཌར་པཱ་ཊེལ་(Sardar Patel) མཆོག་གིས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༧ ཉིན་བོད་དོན་དང་འབྲེལ་བའི་གལ་ཆེའི་ཡི་གེ་ཤོག་གྲངས་བདུན་ཅན་ཞིག་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་ཕུལ་ཡོད་པ་རེད། རྒྱ་གར་ནང་དེའི་སྐབས་དཀའ་ངལ་ཆེན་པོ་ཡོད་ཀྱང་བོད་དོན་ཐོག་འགན་ཁུར་བཞེས་ཀྱི་ཡོད་པ་གསལ་པོ་རེད། སྔོན་མ་བོད་ཀྱི་གནས་སྟངས་སྐྱོ་ཤོས་སྐབས་རྒྱ་གར་ལ་ཡིད་ཆེས་ཆེན་པོ་བྱས་ཀྱང་ཁོ་ཚོས་དགོས་མཁོ་ཚུལ་བཞིན་བསྐང་ཐུབ་མེད་པ་དང་བོད་དེ་རྒྱ་ཡིས་དབང་བསྒྱུར་བྱས་པ་རེད། བོད་དོན་དེ་རྒྱ་གར་གྱི་སྲུང་སྐྱོབ་དང་འབྲེལ་བ་ཡོད་རེད། རྒྱལ་སྤྱིའི་ནང་སྐྱབས་བཅོལ་བ་མང་པོ་ཡོད་ཀྱང་བོད་མི་རྣམས་སོ་སོའི་ནང་ཚང་སོགས་བསྐྱུར་ནས་རྒྱ་གར་ལ་ཡོང་བ་དང་། ཐུགས་རྗེ་ཆེ་རྒྱ་གར། རྒྱ་གར་ལ་གུས་འདུད་ཡོད་སོགས་གསུངས་པ་རེད།

དེ་རིང་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་དང་། ཕྱོགས་འགལ་ཚོགས་པ་གཉིས་ཀ་འདིར་ཡོད་པ་དེ་ཡག་པོ་བྱུང་། དེ་རིང་གི་ལས་འགུལ་འདིས་སེམས་གཏིང་ལ་འགུལ་བསྐྱོད་ཐེབས་སོང་། དེ་སྔ་རྒྱ་ནག་གི་སྲིད་འཛིན་དང་ཐུག་སྐབས་ངས་འཛམ་གླིང་འདིའི་ནང་༧གོང་ས་མཆོག་བཞིན་དབུ་ཁྲིད་ཞིག་མེད་སྐོར་དང་། ཁོང་གི་གཉིས་སྨན་དགོངས་བཞེད་སྐོར་བཤད་པ་ཡིན། ༸གོང་ས་མཆོག་གི་དགོངས་བཞེད་བཞིན་བོད་དོན་འཚེ་མེད་ཞི་བའི་ལམ་ནས་སེལ་དགོས། དུས་རབས་ཉི་ཤུའི་ནང་ཟིང་འཁྲུག་བྱུང་ཡང་དུས་རབས་ཉེར་གཅིག་ནང་ཞི་བདེའི་ལམ་ནས་བོད་ཀྱི་དཀའ་རྙོག་འདི་སེལ་ཐུབ་ཚེ་དུས་རབས་ཉེར་གཅིག་པ་འདི་བོད་དང་རྒྱ་ནག་གི་དུས་རབས་ཤིག་ཏུ་འགྱུར་རེ་ཡོད། སྙིང་ནས་རེ་སྨོན་ཡོད། གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་སོགས་གསུངས་ཡོད་པ་རེད། ཐེངས་འདི་ཟླ་འདིའི་ཕྱི་ཚེས་༣༠ནས་ཕྱི་ཟླ་༢པའི་ཚེས་༢བར་ཁྱོན་ཉིན་གྲངས་༤རིང་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།